དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱངས་ལ་བརྒྱུས་པའི་བརྩེ་མགུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱངས་ལྡེའུ།   |     སྤེལ་དུས།  2025-11-23

    ཁྲ་ཆུང་མིག་ཟུང་ནང་གི །

    འཛིན་བྱེད་བརྩེ་བའི་ལྕགས་ཀྱུས། །

    གཞོན་པའི་སེམས་ཀྱི་ཉ་ཆུང་། །

    ཡང་ནས་ཡང་དུ་འཛིན་སོང་། །


    གསེར་གྱི་མཛུབ་དཀྲིས་སྟེང་དུ། །

    མུ་ཏིག་ཕྲ་རྒྱན་བཏབ་ཡོད། །

    བྱམས་པ་མ་བཟང་བུ་མོས། །

    མཛུབ་མོའི་རྒྱན་དུ་བཞེས་རོགས། །


    དྲན་གདུང་མུན་པའི་སྨག་གིས། །

    སེམས་ཀྱི་རི་གྲོང་བསྒྲིབས་སོང་། །

    དཀར་གསལ་བཅོ་ལྔའི་ཞལ་རས། །

    ཡུན་དུ་རེ་བས་སྒུག་ཡོད། །


    དྲི་ཞིམ་སྐྲ་ཆུན་ལྷས་མ། །

    རླུང་བུས་སྒུལ་བ་མ་གནང་། །

    བཞིན་བཟང་པད་དཀར་ལང་ཚོ། །

    སྤྲིན་གསེབ་ཟླ་བཞིན་མོག་འགྲོ །


    རབ་དཀར་སྤྲིན་གྱི་རླབས་ཕྲེང་། །

    གཡུ་མདོག་ནམ་མཁར་རྒྱུ་དུས། །

    མུ་ཏིག་བསྟར་ལ་བརྒྱུས་འདྲའི། །

    བྱམས་པའི་སོ་དཀར་དྲན་བྱུང་། །


    ན་ཚོད་དར་ལ་སྨིན་ཡང་། །

    མཇལ་འཕྲད་སྐུད་པ་ཕྲ་སོང་། །

    འཇིག་རྟེན་ཆེ་བས་མ་རེད་། །

    ལས་འཕྲོ་མེད་པས་ལན་སོང་། །


    ཉི་ཟླའི་འཆར་ནུབ་བར་ནས། །

    མི་ཚེའི་དར་ལྕོག་ཟད་དུས། །

    རྨི་ལམ་རྐུ་མཁན་ཆུང་གྲོགས། །

    གཞས་ཀྱི་དབྱངས་རྟར་འཚོས་ཡོད། །


    ཟིལ་པ་ཁུར་བའི་མེ་ཏོག །

    སྙིང་ལ་ཟམ་ཟིམ་བབས་ཀྱང་། །

    འཐོག་པའི་སྙིང་རུས་མེད་པས། །

    ཕྱི་མིག་ཁྲོད་དུ་ལུས་སོང་། །


    དྲན་གདུང་བརླན་གྱིས་བཟུང་བའི། །

    སེམས་ཤོར་མེ་ཏོག་ལྡུམ་རར། །

    བརྩེ་བ་རུམ་གང་ཁུར་ཏེ། །

    གོམ་ཁ་སྒྱུར་བར་ཐལ་སོང་། །


    ལྔ་གསུམ་ཟླ་བའི་ལང་ཚོར། །

    འཁྲེང་སེམས་སྐར་མས་བསྐོར་བའི། །

    མཁུར་ཚོས་དམར་བའི་བུ་མོ། །

    ན་ཚོད་ཡལ་རྒྱུ་མེད་འདྲ། །


    མཚོ་མཐའི་བྱེ་མའི་འགྲམ་ངོགས། །

    དུང་བརྗོད་ཚིག་གི་རི་མོ། །

    སོར་མོའི་གར་དང་འགྲོགས་ནས། །

    བུ་མོའི་སྤྱན་དུ་བསྟར་ཡོད། །


    རིང་ནས་འཛུམ་པ་མ་གནང་། །

    ཞེན་ཆགས་གཙང་པོ་སྒུལ་འགྲོ །

    དུང་ཞེན་བསུ་ཆང་བཏེགས་ན། །

    གནམ་སའི་བར་ཐག་མི་འདུག །


    མདངས་དཀར་མུ་ཏིག་ཕྲེང་བ། །

    མགྲིན་པའི་རྒྱན་དུ་དབང་ན། །

    ནོམ་ཆེན་ཤེལ་དཀར་ཕྲེང་མཛེས། །

    ཁྱེད་ལ་འབུལ་དགོས་ལས་རེད། །


    དུང་ཞེན་རི་མོ་བཀྲ་བའི། །

    སེམས་ཀྱི་དངུལ་དཀར་མེ་ལོང་། །

    ན་ནིང་བརྩེ་འདང་ཆེ་རུང་། །

    ད་ལོར་གས་ཆག་ཤོར་སོང་། །


    རྒྱ་ལྕང་ལྷགས་པས་གདུང་ན། །

    ལོ་མར་སེར་ཀ་ཐེབས་ཡོང་། །

    ཡིད་ཀྱི་ལོ་མ་ལྗང་གུ །

    ནམ་ཡང་སེམས་སུ་ཉར་འདོད། །


    དཔྱིད་གསུམ་ཀོང་པོའི་ཡུལ་དུ། །

    ཕ་ཡུལ་དྲན་པ་མེད་ཀྱང་། །

    ཆུང་གྲོགས་རྩེད་རོགས་དགོད་རོགས། །

    སྙིང་ནས་བརྗེད་པ་མི་འདུག །


    ཆུང་དུས་རྩེད་ར་གྲུ་བཞི། །

    འདང་བརྩེ་གཡུང་དྲུང་རི་མོ། །

    ཚིག་གིས་སྟོན་ཐབས་མེད་རུང་། །

    སོ་སོའི་སེམས་སུ་གསལ་ཡོད། །


    སྐར་མ་ཁྲ་ཆིལ་དགུ་ཆིལ། །

    དགུང་སྔོན་དབྱིངས་སུ་ཤར་དུས། །

    ཡིད་མཁར་འཚེར་བའི་སྨིན་དྲུག །

    སྙིང་ནས་ཡང་ཡང་དྲན་བྱུང་། །


    ལུས་ཀྱི་ཤ་བ་ཕོ་རྐྱང་། །

    དབེན་པའི་རི་ལ་བྲོས་སོང་། །

    ཞེན་ཆགས་སུག་རྗེས་རི་མོ། །

    རྔོན་པའི་མིག་ནང་ལུས་འདུག །


    བུང་བ་མེ་ཏོག་ཆགས་པ། །

    མེ་ཏོག་བུང་བར་སྒུག་པ། །

    བསམས་ན་སེམས་པ་སྨྲེང་ཞིང་། །

    མཐོང་ན་སྙིང་དུ་སྡུག་པ། །


    ལང་ཚོ་སྨིན་ཐག་ཆོད་པའི། །

    དྲི་ཞིམ་བསྣམས་པའི་མེ་ཏོག །

    བདག་པའི་སྐུ་བསོད་མེད་རུང་། །

    སེམས་ནས་བརྗེད་ཐབས་མི་འདུག །


    ཆུ་མོ་དྭངས་གཙང་ཞིག་ལ། །

    མིག་གི་ཀོ་གྲུ་བཏང་ཡོད། །

    འཛུམ་དཀར་རླབས་རིས་ཤིག་ཤིག །

    བསུ་ཆང་ཚུར་ལ་དྲངས་བྱུང་། །


    འདབ་དྲུག་ཁ་བའི་ཞབས་རྗེས། །

    ཕྱི་ནང་གང་སར་འཇོག་དུས། །

    དུང་སེམས་འོ་མ་འདྲ་བའི། །

    སེམས་མཐུན་མི་དག་དྲན་བྱུང་། །


    ཕོ་བརྒྱའི་མིག་གི་ཟླ་བ། །

    སྨན་ཤར་དབུས་ཀྱི་ཡང་ཏིག །

    སྐྱེ་འབྲས་མཚར་བའི་མི་དེ། །

    ཨོ་ལོའི་ཡིད་ཀྱི་དྲན་ཤིང་། །


    ཁྲ་ཆིལ་མེ་ཏོག་འབུས་པའི། །

    ཡིད་འོང་ཁམ་བུའི་སྡོང་པོར། །

    སྔ་དགོང་མཚམས་སྤྲིན་རྒྱུ་དུས། །

    དྲན་པའི་བྱ་ཁྱུ་འཕྱན་འགྲོ །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།