དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕོ་ལོ་ཞེ་བདུན་གྱི་དྲན་འཆར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཚེ་རིང་།   |     སྤེལ་དུས།  2025-11-23

    ལོ་ཟླ་ཞག་གསུམ་ཕྲེང་དུ་བསྟར་བ་ཡི། །

    ལོ་རྒན་དྲུག་ཅུའི་ཚེ་ཚད་ལ་ཉག་དང་། །

    ཉེ་ཞིང་ཉེ་ལ་མི་ཚེའི་དར་མའི་སྒང་། །

    རིང་བར་ཡོལ་བའི་དྲན་ཤེས་ཚོར་བ་ཟབ། །


    བཞི་བཅུའི་སྒོ་ཐེམ་བརྒལ་ནས་ཡུན་རིང་སོང་། །

    ཞེ་བདུན་སྣེ་མོར་འཐམ་ནས་བསམ་པའི་ཚེ། །

    ཞེ་སྡང་ངར་རྒོད་གཤིས་ཀ་ཞི་ལྷོད་སོང་། །

    ཞེ་རུས་སྒམ་བརླིང་ཚུགས་ཀ་ནན་དུ་འཛིན། །


    ཞེ་བདུན་རིང་གི་མི་ཚེའི་འགྲུལ་བཞུད་ལམ། །

    ཞེ་གྱོང་ཀླད་ལ་བཀར་བའི་སྡུག་རུས་ཡོད། །

    ཞེ་དྲག་བདེ་སྡུག་མྱངས་པའི་ལུས་དང་སེམས། །

    ཞེ་གཙང་དཀའ་བར་འཐབ་པའི་རྨ་ཤུལ་ཡོད། །


    ཞེ་བདུན་རིང་གི་མི་ཚེའི་འགྲུལ་བཞུད་ལམ། །

    ཞེ་ཐག་སེམས་ཀྱིས་གཅོད་པའི་ཆོད་སེམས་ཡོད། །

    ཞེ་རུས་འབད་རུས་བྱེད་པའི་བརྩོན་སེམས་ཡོད། །

    ཞེ་བརྩོན་ལྷོད་དུ་མི་གཏོང་རྒྱུན་འཁྱོངས་ཡོད། །


    ཞེ་བདུན་རིང་གི་མི་ཚེའི་འགྲུལ་བཞུད་ལམ། །

    ཞེ་མཐུན་ཤ་ཉེ་ཚིམ་པའི་འབྲས་བཟང་ཡོད། །

    ཞེ་ངན་དགྲ་བོ་གནོངས་པའི་གཟི་བརྗིད་ཡོད། །

    ཞེ་བློ་གཏིང་ནས་ཚིམ་པའི་འཛུམ་ཞལ་ཡོད། །


    ཞེ་བདུན་ལོ་ནི་ཕྱི་དྲོའི་ཉི་མ་རེད། །

    ཞེ་བདུན་ལོ་ནི་ནམ་ཟླ་སྟོན་མཇུག་རེད། །

    ཞེ་བདུན་ལོ་ནི་མར་ངོའི་ཟླ་བ་རེད། །

    ཞེ་བདུན་ལོ་ནི་བོང་བུ་སྒལ་ཤོར་རེད། །


    ཞེ་བདུན་ལོ་ནས་ངར་དང་ཤུགས་དྲག་ཆག །

    ཞེ་བདུན་ལོ་ནས་ལང་ཚོའི་མཛེས་སྡུག་ཟད། །

    ཞེ་བདུན་ལོ་ནས་ཐུར་བབས་ལམ་སྣེ་ཟིན། །

    ཞེ་བདུན་ལོ་ནས་རྒས་པའི་གཟུང་ཐག་འཛིན། །


    ཞེ་བདུན་རིང་གི་མི་ཚེའི་འགྲུལ་བཞུད་ལ། །

    ཞེ་ངན་སྐྱེས་བུས་གཙེས་པའི་སྣ་སུན་ཡོད། །

    ཞེ་ཁ་གཉིས་མེད་གྲོགས་ཀྱི་འདུ་ཤེས་ཡོད། །

    ཞེ་ནས་ངུ་ཤོར་དགོད་བྲོའི་གཏམ་རྒྱུད་ཡོད། །


    ཞེ་བདུན་འདས་པས་རྣལ་མར་བསམས་པ་ན། །

    ཞེ་ཐག་གོམ་པས་དཔར་བའི་རྐང་རྗེས་གསལ། །

    ཞེ་སྡང་སེམས་ཀྱིས་སྐུལ་བའི་ང་རྒྱལ་འཚུབ། །

    ཞེ་མེར་སྙིང་ནས་སྐྱེས་པའི་ཁྲོ་སྡང་རྒོད། །


    ཞེ་བདུན་ཞེ་བརྒྱད་ཀྱིས་འདྲེན་མ་འོངས་པར། །

    ལས་ཀྱི་ཆར་རླུང་འཚུབ་ཆ་རྒོད་ཀྱང་རུང་། །

    མངར་སྐྱུར་བདེ་སྡུག་ཧེ་བག་ཆེ་ཡང་རུང་། །

    རང་སེམས་ལྷོད་ཡངས་ངང་ནས་མདུན་དུ་འགྲོ །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།