མཚན་མོ་འདིར། ངས་རྒྱང་རིང་གི་ཨ་མ་དྲན།
ས་རུབ་པས། དཀར་གསལ་གྱི་ཟླ་འོད་ཤར་རིའི་སྤོ་ནས་དལ་གྱིས་མཁའ་ལ་འཕགས་བྱུང་། ངས་སྒེའུ་ཁུང་གི་མདུན་དུ་ལངས་ཏེ་དགུང་ནས་ཐུར་ལ་དཔྱངས་པའི་ཟླ་འོད་ལ་ལྟ་དུས། ང་རང་གི་ཡིད་ཀྱི་ནམ་མཁའི་མཐོངས་སུ་ཡང་རྒྱང་རིང་ཕ་ཡུལ་ན་བཞུགས་པའི་ཨ་མ་ལགས་ཀྱི་ཟླ་བ་བཞིན་སྒོར་བའི་ཞལ་རས་ངང་གིས་འཆར་བྱུང་།
རྒྱང་རིང་གི་ཨ་མ་ལགས། ཁྱེད་རང་བདེ་མོ་ཡིན་ནམ། ཨ་མ་ཁྱེད་ནི་བདག་གི་མི་ཚེའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་མི་དེ་ཡིན། ཁྱེད་ཀྱི་བྱམས་བརྩེའི་དྲོ་སྐྱིད་ཀྱི་ཉི་འོད་ཀློང་དུ་ང་རང་བདེ་ཐང་ངང་འཚར་ལོངས་བྱུང་། ཁྱེད་ཀྱི་བཀའ་སློབ་ནི་དྭངས་གཙང་གི་ཆུ་མིག་ཅིག་དང་འདྲ་བར་བདག་གི་སྙིང་ཁ་ཕྲ་མོ་ཡང་ཡང་བརླན། ཁྱེད་ཀྱི་གཅེས་སྐྱོང་གང་ལེགས་འོག་ངས་ད་གཟོད་འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ལོངས་སུ་སྤྱོད་སྐལ་བྱུང་བ་མ་ཟད། ཁྱེད་ཀྱི་བཀའ་དྲིན་ལས་བུ་ཕྲུག་ང་རང་སློབ་གྲྭའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་སྐལ་བྱུང་བ་མིན་ནམ།
ཤེས་བྱ་རིག་གནས་སྦྱོང་ཆེད་ང་རང་རེ་ཞིག་ཁྱེད་དང་གྱེས་ཏེ་ཐག་རིང་གི་སློབ་གྲྭར་སློབ་གཉེར་དུ་མི་འགྲོ་ཐབས་མེད་བྱུང་། དུས་དེ་ནས་བཟུང་། ང་ཚོ་ཕྱོགས་སོ་སོར་གྱེས་པས་མཉམ་འཛོམས་ཀྱི་ལོ་ཟླ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། ངེད་མ་བུ་མ་ཐུག་པའི་ལོ་ཟླ་དེ་དག་ནང་། བདག་གིས་ཁྱེད་རང་དྲན་ཐེངས་རེར་སེམས་ལ་གནོང་འགྱོད་དང་དྲན་གདུང་གིས་ཁེངས་འོང་། ཁྱེད་ཀྱིས་བདག་གི་ཆེད་དུ་དང་ང་ཚོའི་ཁྱིམ་ཚང་འདིའི་སླད་དུ་རང་ཉིད་ཀྱི་ལང་ཚོ་དང་རྩ་ཆེའི་དུས་ཚོད་མང་པོ་བློས་བཏང་བ་དྲན་དུས། ངས་ཁྱེད་ཀྱི་བཀའ་དྲིན་ཇེ་དྲན་ནས་ཇེ་དྲན་རེད། ཁྱེད་ཀྱིས་དཀའ་སྤྱད་འབད་བརྩོན་དང་སྡུག་རུས་དང་ལེན་གནང་ནས། ང་ཚོའི་སླད་དུ་ཕུལ་བའི་སྒེར་སེམས་མེད་པའི་ལེགས་སྐྱེས་ཚང་མ་ངའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ངེས་ཡོད།
ཨ་མ་ལགས། རྒྱང་རིང་གི་ཨ་མ་ལགས། ཁྱེད་ཀྱིས་ངེས་པར་དུ་རང་ཉིད་ལ་བདག་སྐྱོང་ཡག་པོ་གནང་རོགས། བྱས་ནས་ཚར་རྒྱུ་མེད་པའི་ནང་ལས་ཙག་ཙིག་གི་ཁྲོད་དུ་སྐུ་ལས་མང་པོ་མ་བསྐྱོན་རོགས། གཡབ་འོག་གི་ཉི་འོད་ཁྲོད་དུ་གསོལ་ཇ་མཆོད་ཞོར་སྐུ་ངལ་ཡང་སེ་གསོ་རོགས་གནང་། རྒྱུ་མཚན་ནི་ཁྱེད་རང་སྐུ་ན་བགྲེས་ཁར་སྐུ་གཟུགས་ཐང་པོ་མེད་པས་སོ། ནམ་ཞིག་ང་རང་ཁྱེད་ཀྱི་སྐུ་དྲུང་དུ་ལོག་དུས། ཚར་རྒྱུ་མེད་པའི་ནང་ལས་དག་ང་རང་གིས་བྱས་པས་ཆོག
ཨ་མ་ལགས། བུ་ཆུང་ང་རང་སློབ་གྲྭའི་ནང་གང་ས་ཅི་ཐད་ལ་སྣང་དག་མེད་ལ། སློབ་གྲོགས་དབར་གྱི་འབྲེལ་བ་ཡག་པས། ཁྱེད་རང་ཐུགས་བློ་བདེ་པོ་གནང་རོགས། ངས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་ཁྱེད་ཀྱིས་ང་ལ་བཅོལ་བའི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་མི་སྲིད།
ཨ་མ་ལགས། ངས་ཁྱེད་རང་ཧ་ཅང་དྲན། ཁྱེད་རང་དྲན་ཐེངས་རེར། ང་རང་ཁྱེད་ཀྱི་གམ་དུ་ཡོད་ན་ཅི་མ་རུང་ཨང་སྙམ། སྐབས་དེ་དུས་ངས་ཁྱེད་ལ་ངའི་སློབ་གྲྭའི་འཚོ་བ་དང་འབྱུང་འགྱུར་གྱི་ཕུགས་བསམ་སོགས་རེ་རེ་བཞིན་གླེང་ངེས་ཡིན།
ཨ་མ་ལགས། ཁྱེད་ནི་བུ་ངའི་སེམས་དབུས་ཀྱི་ཉི་མ་ཡིན། ནམ་ཡང་ནུབ་པ་མེད་པའི་ཉི་མ་ཡིན། ང་རང་ས་ཆ་གང་དུ་སླེབས་ཀྱང་རུང་། བདག་ལ་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་རུང་། ངའི་ཡིད་ངོར་ཐོག་མར་དྲན་པ་ནི་ཁྱེད་ཉིད་རེད། ཁྱེད་ཀྱི་བརྩེ་བ་ནམ་ཡང་བདག་དང་ལྷན་དུ་འགྲོགས་ཡོད་པས། ངས་མཚོ་ལྟར་ཟབ་པའི་ཁྱེད་ཀྱི་བྱམས་བརྩེའི་བཀའ་དྲིན་སྙིང་ཁར་བཅངས་ནས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རང་དགོས་ཤེས་བྱའི་གནས་ལ་བརྩོན་བརྒྱ་འབད་སྟོང་བྱེད་ངེས་ལགས།
མུན་ཇི་ལྟར་རུབ་ཀྱང་ཟླ་བའི་ལྷ་མོ་ཡོད་པས། ཡོད་ཚད་སྔར་བཞིན་འོད་ཐིང་ཐིང་རེད། བདག་གིས་ཟླ་བའི་ཕྱོགས་སུ་མིག་ཟུང་ཅེར་བཞིན། ནམ་མཁའི་མཐོངས་ཀྱི་ཟླ་བ་དེ་ཉིད་ཨ་མ་ཁྱེད་ལ་འཁྲུལ་ཡོང་། ཨ་མ་ལགས། ཁྱེད་རང་ཐུགས་ཁྲལ་མ་གནང་རོགས། བུ་ཆུང་ངས་རང་ཉིད་ལ་བདག་སྐྱོང་ལེགས་པོ་བྱེད་ངེས་ཡིན་ལ། རྒན་ལགས་རྣམ་པའི་བཀའ་སློབ་སྙིང་ཁར་བཅངས་ནས་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཏེ། ཨ་མ་ལགས་ཁྱེད་རང་བློ་མགུ་ཞིང་ཐུགས་དགྱེས་པའི་བུ་ཕྲུག་བཟང་པོ་ཞིག་བྱེད་ངེས་ཡིན་ལ། ཁྱེད་ཀྱི་ཐུགས་རེ་བཞིན་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་ངེས་ཡིན།
(གཞིས་རྩེ་མཐོ་འབྲིང་གསུམ་པའི་ལོ་རིམ་གཉིས་པའི་འཛིན་གྲྭ་བཅུ་གསུམ་པའི་སློབ་མ་ལྷག་པ་ཚེ་རིང་། མཛུབ་ཁྲིད་དགེ་རྒན། སྤོས་ཁང་པ་དོན)
འབྲེལ་ཡོད་གསར་འགྱུར།