རྣམ་དཔྱོད་རྒྱ་མཚོ་བསྲུབས་པའི་དན་རྟགས་སུ། རྩོམ་རིག་ལྷ་ལམ་བཀྲ་བའི་དུང་ཟླ་འཁྲུངས།
གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་མཛད་སྒོའི་སྐོར་བཀོད་པ།
སྟོན་གསུམ་ལོ་ལེགས་ཀྱི་འབྲས་བཟང་བང་མཛོད་དུ་ལེགས་པར་བསྡུས་ཟིན་ནས་སྤྱི་ལ་དགུན་ཚུགས་པའི་དུས་ཚིགས་ཁྱད་པར་བ་སྟེ། ཟླ་བ་11པའི་ཚེས་8ཉིན། ལྷ་སའི་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་མཛད་སྒོ་འཚོགས་པ་རེད། ཞོགས་པའི་ཉི་གཞོན་ཤར་རིའི་ཕྲག་པ་ནས་གང་ཙམ་འཕགས་མཚམས་སུ། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། ཕྱོགས་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་གཟབ་མཆོར་ལེགས་པར་སྤྲས་ནས་འཆར་ཁའི་ཉི་གཞོན་འདྲ་བའི་འཛུམ་མདངས་ཕྱུང་བཞིན་བོད་ཡིག་རྩོམ་རིག་གི་དགའ་སྟོན་འདིར་ལྷན་དུ་འཛོམས།
ཤེས་རྟོགས་བྱུང་བར་གཞིགས་ན། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ནི་རང་རྒྱལ་གྱི་བོད་ཡིག་རྩོམ་རིག་ཁྱབ་ཁོངས་སུ་ཤུགས་རྐྱེན་ངེས་ཅན་ལྡན་པའི་ཆེད་ལས་བྱ་དགའ་ཞིག་ཡིན་པ་དང་། བྱ་དགའ་འདིས་བོད་ཡིག་རྩོམ་རིག་གི་ཕུལ་བྱུང་བརྩམས་ཆོས་སྔོག་འདོན་དང་། མི་རིགས་ཀྱི་རྩོམ་རིག་ཤེས་ལྡན་པ་སྐྱེད་སྲིང་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པ་རེད།
“གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་1995ལོར་འགོ་བརྩམས་པ་ནས་ད་བར་ལོ་ངོ་སུམ་ཅུ་འཁོར་ཞིང་། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དུས་བཟང་འདིར། 《མི་རིགས་ཀྱི་རྩོམ་རིག》དུས་དེབ་ཁང་གི་རིག་གཞུང་མཛུབ་སྟོན་འོག ལྗོངས་རིག་རྩལ་ལྷན་ཚོགས་དང་། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས། སི་ཁྲིན་ཞིང་ཆེན་རྔ་པ་ཁུལ་རིག་རྩལ་ལྷན་ཚོགས་བཅས་ནས་གཙོ་གཉེར་དང་། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་བཟོ་ཚོང་ལྷན་ཚོགས་དང་། བོད་ཡིག་རྩོམ་རིག་དུས་དེབ་ཁག་གི་རྩོམ་སྒྲིག་ཁང་ནས་གཉེར་རོགས་བྱས་པ། སི་ཁྲོན་རྔ་པ་ཁུལ་ཚོང་ཚོགས་ནས་མ་དངུལ་རོགས་སྐྱོར་གནང་བ་བཅས་ཐུན་མོང་ཐོག་ཐུགས་གྲ་ལེགས་འགྲིག་བྱུང་སོང”ཞེས་ཐེངས་འདིའི་བྱེད་སྒོའི་འགན་འཁུར་བ་ཡིན་པའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་ལྷ་གཡང་ནོར་བུས་གསར་འགོད་པར་བརྗོད།
འདས་པའི་ལོ་བཅུའི་རིང་། བོད་ཀྱི་ཕྱོགས་ཀུན་ལ་དབྱར་གྱི་མཚོ་མོ་རྒྱས་པ་དང་། ཟླ་བ་ཡར་ངོར་ཕྱོགས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་ནི་དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞེས་པའི་སྡོམ་ཚིག་ལས་མ་འདས་ཤིང་། སྤྱི་ཡོངས་ཀྱི་འཕེལ་ཕྱོགས་ཆེན་པོའི་སྟོབས་ཤུགས་ལས་བོད་ཀྱི་རྩོམ་རིག་བྱ་གཞག་ལའང་འཕེལ་རྒྱས་ཀྱི་དཔྱིད་དཔལ་གསར་པ་བཞད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་དུ་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་བོར་བཟུང་པ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་གཙིགས་སུ་བཟུང་པ། མི་དམངས་ཀྱི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་བཅས་ཀྱི་བརྩམས་ཆོས་ཕུལ་བྱུང་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་ཐོན་ཡོད། དེས་ན། ཀྲུང་ཧྭའི་རྩོམ་རིག་བང་མཛོད་ཆེན་པོའི་བཀྲག་མདངས་ཆེ་བའི་མུ་ཏིག་རྡོག་པོ་གཅིག་དང་གཉིས་སུ་མེད་པའི་གངས་ཅན་རྩོམ་རིག་གི་མངའ་ཐང་མུ་ནས་མུ་རུ་རྒྱས་ཆེད། བྱས་པ་ཅན་ལ་གཟིགས་བཟོས་དང་། རྗེས་རབས་རྣམས་ལ་སྐུལ་ལྕག་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་སྟབས། སྐབས་སུ་བབས་པའི་དགའ་སྟོན་ཏེ། གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པ་གཉེར་བ་རེད།
གསར་འགོད་པས་གཟེངས་བསྟོད་མཛད་སྒོ་འཚོག་ཡུལ་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་ཡི་རྩོམ་བསྡུའི་ཁྱབ་ཁོངས་ནི་2015ལོ་ནས་2025ལོའི་བར་ཡོངས་བསྒྲགས་དཔར་སྐྲུན་བྱས་པའི་བོད་ཡིག་རྩོམ་རིག་བརྩམས་ཆོས་ཏེ། སྒྲུང་གཏམ་དང་། ལྷུག་རྩོམ། སྙན་ངག སྙན་ཞུའི་རྩོམ་རིག་བཅས་ཡིན་པ་དང་། བྱ་དགའི་གོ་རིམ་དང་སྒྲིག་སྲོལ་གཞིར་བཟུང་། ཟླ་བ་8པའི་ཚེས་16ཉིན། ཐོག་མའི་དཔྱད་འདེམས་ཚོགས་འདུ་དྲ་ཐོག་ནས་འཚོགས་པ་བརྒྱུད། མཐར་དཔྱད་འདེམས་ཨུ་ལྷན་ལ་འབྱོར་བའི་བརྩམས་ཆོས་50ཡི་ཁྲོད་ནས། བརྩམས་སྒྲུང་རིང་གྲས་4དང་། བརྩམས་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས་12 ལྷུག་རྩོམ་ཕྱོགས་བསྒྲིགས་9 སྙན་ངག་ཕྱོགས་བསྒྲིགས་14བཅས་ཐོག་མའི་དཔྱད་འདེམས་ཀྱི་བརྩམས་ཆོས་སུ་བདམས་པ་དང་། སྙན་ཞུའི་རྩོམ་རིག་རིང་གྲས་སྟོང་པར་ལུས། དེ་རྗེས། ཟླ་བ་9པའི་ཚེས་25ནས་ཚེས་28ཉིན་བར། སྐབས་འདིའི་བྱ་དགའི་མཐའ་འདེམས་ཚོགས་འདུ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབར་ཁམས་གྲོང་ཁྱེར་དུ་འཚོགས་ཤིང་། དཔྱད་འདེམས་པ་ཚོས་ཟླ་བ་གཅིག་རིང་བརྩམས་ཆོས་རེ་རེ་བཞིན་ལ་དཔྱད་ཞིབ་ནན་ཏན་བྱས་པ་དང་། ཡོངས་བསྒྲགས་དང་། དྲང་གཞག བཏང་སྙོམས་བཅས་ཀྱི་རྩ་དོན་གཞིར་བཟུང་། དོ་ནན་ལ་ཞིབ་ཚགས་པའི་དཔྱད་གླེང་དང་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད། མཐར་མིང་མ་བཀོད་པའི་འདེམས་ཤོག་འཕངས་ནས་བརྩམས་ཆོས་བདུན་བདམས་པ་དེ་དག་ནི། སྙན་ངག་སྐོར་གྱི་བརྩམས་ཆོས་ལ། དཔལ་ལྡན་རྒྱ་མཚོའི《དབྱངས་གསལ་གན་མཛོད》ཅེས་པ་དང་། འཆི་མེད་ཀྱི《ཆུའི་ལང་ཚོ》ཞེས་པ་གཉིས་དང་། ལྷུག་རྩོམ་སྐོར་གྱི་བརྩམས་ཆོས་ལ། གངས་དབང་བཀྲ་ཤིས་ཀྱི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དང་། ཉྭ་ནག་པ་བ་རེས་ཀྱི《ལྷུག་རྩོམ་དེབ་ཕྲེང》ཞེས་པ་གཉིས། སྒྲུང་འབྲིང་སྐོར་གྱི་བརྩམས་ཆོས་ལ། ནམ་མཁའ་བཀྲ་ཤིས་ཀྱི《ཆུ་བོ་ལོ་ཧི་ཏའི་འགྲམ་ངོགས》ཞེས་པ་དང་། གཡུ་རྔོག་ཚེ་བཀྲའི《སྦས་ཡུལ》ཞེས་པ་གཉིས། སྒྲུང་རིང་སྐོར་གྱི་བརྩམས་ཆོས་ལ། ཚེ་རིང་གཡུ་སྒྲོན་གྱི《གཡུ་ཆུང་དྲུག་དཀར》ཞེས་པ་བཅས་རེད།
དེ་ཉིན་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་། འཁྲུག་ཆ་དོད་པའི་གར་སྟབས་ཁྲོད་གངས་རྒྱན་རྟགས་མའི་བོད་ཡིག་རྩོམ་རིག་གསར་རྩོམ་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། ས་ཡུལ་དངོས་སུ་ཕེབས་པའི་སྐུ་མགྲོན་རྣམས་ཀྱི་ཐལ་མོའི་རྡེབ་སྒྲའི་ཀློང་དུ་བྱ་དགའ་ཐོབ་པའི་བརྩམས་ཆོས་བདུན་གྱི་རྩོམ་པ་པོ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་དཀའ་སྤྱད་ཀྱི་འབྲས་བཟང་མཚོན་པའི་གཟེངས་བསྟོད་རྟགས་མ་བླངས་པ་རེད།
རྩོམ་རིག་གི་རྒྱུ་ཆར་རྫོགས་མཐའ་མེད་པས། གསར་རྩོམ་གྱི་བགྱི་བར་ཡང་རྫོགས་མཐའ་ག་ལ་ཡོད། “དེང་གི་སྤྱི་ཚོགས་བཟང་པོ་དང་དུས་སྐབས་ཡག་པོའི་ནང་། ལོ་ཆུང་ཚོས་རྩོམ་ཡིག་མང་པོ་འབྲི་བ་དང་། བསམ་གཞིག་གང་མང་བཏང་ན། འབྲས་བུ་གང་ལ་གང་འཚམ་ཐོབ་ཤག་ཤག་རེད”ཅེས་བྱ་དགའ་ཐོབ་མཁན་གངས་དབང་བཀྲ་ཤིས་ཀྱིས་གསུངས་པ་ལྟར། རྩོམ་རིག་གསར་རྩོམ་ལ་དགའ་ཞེན་ཆེ་ཞིང་། གསར་རྩོམ་གྱི་ལམ་བུར་འཇུག་བཞིན་པའི་བློ་གསར་ཚོས་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ལ་སློབ་སྦྱོང་དང་། ཁོང་ཚོ་མིག་དཔེར་བཟུང་ནས་རྩོམ་རིག་གསར་རྩོམ་ལས་ལ་རྟག་གུས་བརྩོན་པ་མ་ལྷོད་ན། སླད་མར་རེ་བའི་འབྲས་བཟང་སྨིན་པར་གདོན་མི་ཟའོ།
འབྲེལ་ཡོད་གསར་འགྱུར།