དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • སྤོ་ལོ་ཤིང་བརྐོས་ལག་ཤེས།

    ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་ནས་ལས་རིགས་སློབ་གྲྭའི་སློབ་ཚན་བར་གྱི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-14

    རྣམ་རྒྱལ།

    བརྐོས་རྒྱག་བཞིན་པའི་ལག་ཤེས་པ།

    མཉམ་ལས་ཁང་གི་ཐོག་ཁའི་ཤིང་བརྐོས་བཟོ་ཁང་།

    བརྐོས་རྒྱག་བཞིན་པའི་ལག་ཤེས་པ།

    ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ཤིང་བརྐོས་བརྩམས་ཆོས།

    སྨྱུག་འཛིན་པ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གྲོང་ནས་ཐོན་ཏེ་མདོ་ཆུ་བརྒྱུད་ཤར་ཕྱོགས་སུ་ཁམས་པའི་གནའ་བོའི་ལག་ཤེས་བཟོ་རྩལ་ཉམས་ལེན་དང་འཚོལ་ཞིབ་བྱེད་པར་བསྐྱོད་པ་ཡིན། མཁར་སྒང་ཤང་སྒྲོལ་རྗེས་ལམ་བུ་དེ་བས་གུ་དོག་ཏུ་དང་ལམ་གཡས་གཡོན་གཉིས་ཀྱི་ཤིང་ནགས་ཇེ་སྟུག་ཏུ་སོང་ནས། བསིལ་བསིལ་རླུང་བུའི་ཁྲོད་ལྗོན་ཤིང་ལོ་འདབ་དལ་བུར་གཡོ། རིང་པོར་མ་སོང་བར“སྤོ་ལོ་སྐུ་ཚེ་ཤིང་བརྐོས་ལག་ཤེས”ཀྱི་རྒྱུན་འཛིན་པ་རྣམ་རྒྱལ་གྱི་ཕ་ཡུལ་སྟེ། སྤོ་ལོ་ཤང་སྐུ་ཚེ་གྲོང་ཚོར་འབྱོར།

    ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་ནས་མཉམ་ལས་ཁང་གི་བཟོ་ཁང་བར།

    སྤོ་ལོ་ཤིང་བརྐོས་ལག་ཤེས་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་ད་བར་ལོ་གསུམ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོར“ཤིང་བརྐོས་གནའ་གྲོང”ཞེས་འབོད་སྲོལ་ཡོད་པ་དེ་ནི་བོད་ཀྱི་པར་ཤིང་པར་འདེབས་ཐོན་ས་སྔ་ཤོས་ཀྱི་གྲས་ཤིག་རེད། 2008ལོའི་ཟླ་6ཚེས་7ཉིན། བོད་རིགས་ཀྱི་པར་ཤིང་པར་འདེབས་ལག་ཤེས(སྤོ་ལོ་སྐུ་ཚེ་ཤིང་བརྐོས་ལག་ཤེས)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བདམས་ནས་སྤོ་ལོ་ཤིང་བརྐོས་ལག་ཤེས་རྒྱལ་ཁབ་ཀྱི་དྲན་ཤེས་ལོ་རྒྱུས་ཐོག་བཀོད་པ་རེད།

    སྤོ་ལོ་ཤིང་བརྐོས་ལག་ཤེས་ནི་དང་ཐོག་མར་ཁྱིམ་རྒྱུད་ནང་ཁུལ་དུ་རྒྱུན་འཛིན་བྱེད་པ་ཞིག་ཡིན་ཞིང་། རྣམ་རྒྱལ་གྱིས་ཕ་ཡུལ་གཅིག་པའི་བོད་རིགས་པར་ཤིང་པར་འདེབས་ལག་ཤེས(སྤོ་ལོ་སྐུ་ཚེ་པར་ཤིང་ལག་ཤེས)ཀྱི་རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཚེ་འཕེལ་གྱི་ཨ་ཕ་དགེ་རྒན་དུ་བསྟེན་ཞིང་། ཁོང་ནི་ལག་ཤེས་བྱང་ཆུབ་པའི་རྒྱུན་འཛིན་པ་གལ་ཆེན་ཞིག་རེད་ལ་རྣམ་རྒྱལ་གྱི་སྤུན་མཆེད་ཡང་རེད། རྣམ་རྒྱལ་ལ་ཆུང་དུས་ནས་ཁྱིམ་རྒྱུད་ཀྱི་བག་ཆགས་བཟང་པོ་འཇགས་པར་བརྟེན། ཤིང་བརྐོས་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ཚེ་འཕེལ་གྱི་ཨ་ཕའི་ཁྲིད་སྟོན་འོག་ལག་ཤེས་འདིར་རིམ་བཞིན་ནང་བྱན་ཆུད།

    2013ལོར། རྣམ་རྒྱལ་གྱིས་འཕྲང་ཟམ་གྲོང་ཚོར་འཇོ་མདའ་རྫོང་སྤོ་ལོ་ཤང་ཞིང་འབྲོག་པའི་ལག་ཤེས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་བཙུགས་རྗེས་ཁོང་གིས་དགེ་ཕྲུག་བསྡུས་ནས་ཤིང་བརྐོས་ལག་ཤེས་མི་དེ་བས་མང་བར་སློབ་འགོ་ཚུགས། དགེ་ཕྲུག་དེ་དག་ནི་རང་གི་སྤུན་མཆེད་དམ་ཡང་ན་གྲོང་ཚོ་གཅིག་པའི་ན་གཞོན་ཙམ་མ་ཟད། ད་དུང་ཡུལ་ཕྱོགས་གཞན་ནས་དགེ་རྒན་བསྟེན་པར་ཡོང་བའི་ན་གཞོན་ཡང་ཡོད་པ་རེད། མཉམ་ལས་ཁང་གི་ལས་སྟེགས་བརྒྱུད། ཤིང་བརྐོས་ལག་ཤེས་དེ་ཁྱིམ་རྒྱུད་ནང་ཁུལ་ཁོ་ནར་སློབ་པ་ནས་རིམ་བཞིན་སྤྱི་ཚོགས་སུ་ཁྱབ་སྤེལ་བཏང་ཞིང་། མཉམ་ལས་ཁང་བཙུགས་པ་དེས་ཡུལ་དེ་གའི་ཞིང་འབྲོག་པར་ལས་ཞུགས་ཀྱི་གོ་སྐབས་རག་པ་དང་། དགེ་ཕྲུག་མང་པོ་ཞིག་ལ་ལག་ཤེས་སྦྱོང་ཞོར་ཡོང་འབབ་ཀྱང་ངེས་ཅན་ཞིག་རག་ཡོད།

    བཟོ་ཁང་ནས་ལས་རིགས་སློབ་ཁྲིད་བར།

    མཉམ་ལས་ཁང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རྣམ་རྒྱལ་གྱིས་སྤོ་ལོ་ཤིང་བརྐོས་ལག་ཤེས་དེ་རྒྱུན་འཛིན་དང་གོང་འཕེལ་དེ་བས་ལེགས་པ་གཏོང་འདོད་ན་བཟོ་ཁང་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་པ་ཤེས། སྐབས་དེ་དུས། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་མངོན་མིན་རིག་གནས་ཤུལ་བཞག་དང་འབྲེལ་བའི་སློབ་ཚན་བཀོད་སྒྲིག་བྱས་ཏེ་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་སློབ་ཚན་འཁྲིད་པར་གདན་དྲངས།

    བོད་རང་སྐྱོང་ལྗོངས་རིམ་པའི་སྤོ་ལོ་ཤིང་བརྐོས་ཀྱི་རྒྱུན་འཛིན་པ་རྣམ་རྒྱལ་དང་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་བསམ་གྲུབ་ནོར་བུ་གཉིས་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དུ་གདན་དྲངས། རྣམ་རྒྱལ་གྱིས་སྤོ་ལོ་ཤིང་བརྐོས་ལག་ཤེས་སློབ་པ་དེས་ལག་ཤེས་དེ་བཟོ་ཁང་ནས་ལས་རིགས་སློབ་གྲྭའི་སློབ་གསོར་འགྱུར་བའི་བར་གྱི་མཆོང་སྐྱོད་བྱུང་བ་མཚོན་ཡོད།

    རྣམ་རྒྱལ་གྱིས“སློབ་མ་ཚོས་སྲོལ་རྒྱུན་གྱི་ཤིང་བརྐོས་ལག་ཤེས་ཤེས་པ་མ་ཟད་ད་དུང་དེང་རབས་ཀྱི་ཇུས་འགོད་འདུ་ཤེས་དང་ཟུང་འབྲེལ་བྱས་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་བརྩམས་ཆོས་སྔར་ལས་མང་བ་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་སྤོ་ལོ་ཤིང་བརྐོས་ལག་ཤེས་འདི་དེང་རབས་སྤྱི་ཚོགས་ཐོག་སྐྱེ་སྟོབས་ཀྱི་དཔལ་གསར་པ་ཞིག་རྒྱས་ཐུབ”ཅེས་བཤད།

    སྲོལ་རྒྱུན་ལག་ཤེས་ལ་དེང་རབས་ཀྱི་སྐྱེ་སྟོབས་འཕེལ་བ།

    ཁྱིམ་རྒྱུད་ཀྱི་བཟོ་ཁང་ནས་ལས་རིགས་སློབ་གྲྭའི་བར་སྤོ་ལོ་ཤིང་བརྐོས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆ་ཆབ་མདོའི་ལས་རིགས་སློབ་གྲྭའི་དངོས་སྦྱོང་སློབ་ཁང་དུ་ཡུལ་དེ་གའི་ན་གཞོན་དང་ལུང་པ་གཞན་གྱི་སློབ་མ་མཉམ་དུ་རྐོ་གྲི་ལག་ཏུ་བཟུང་སྟེ་གནའ་བོའི་ཤིང་བརྐོས་དེ་དེང་རབས་ཀྱི་མཛེས་དཔྱད་ལྟ་བ་དང་གཞི་གཅིག་ཏུ་འདྲེས་པར་བྱེད་བཞིན་ཡོད། བརྒྱུད་རིམ་ལྡན་པའི་སློབ་ཚན་གྱིས་ཁོང་ཚོར་རྐོ་གྲི་བཟུང་སྟངས་ནས་པར་ཤིང་འདེམས་པ་དང་ཚོས་རྒྱག་པའི་བར་སློབ་པ་མ་ཟད། རིག་གནས་ལོ་རྒྱུས་དང་། ཇུས་འགོད་རིག་པ། རྒྱུ་ཆའི་ཚན་རིག་བཅས་སྡེབ་གཅིག་ཏུ་འཁྲིད་ཀྱི་ཡོད། སྲོལ་རྒྱུན་ལག་ཤེས་ལ་དེ་ནས་སློབ་གཉེར་བརྒྱུད་རིམ་བྱུང་བ་དང་། ན་གཞོན་ཚོ་ཡང་ལག་ཤེས་དང་དད་ཞེན་ལ་བརྟེན་ནས་དེ་བས་ཡངས་པའི་གར་སྟེགས་སུ་བསྐྱོད་ཅིང་། ལ་ལ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱབ་སྤེལ་བར་གྱུར་པ་དང་། ལ་ལ་མུ་མཐུད་ནས་ཟབ་སྦྱོང་བྱེད་པ། ལ་ལ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་སོགས་སྤོ་ལོ་ཤིང་བརྐོས་ལག་ཤེས་དེ་ཉིད་གྲངས་འཛིན་དུས་རབས་སུ་མུ་མཐུད་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཡང་བཏགས་ཡོད།

    རྣམ་རྒྱལ་གྱིས། རང་ཉིད་ཀྱི་འབད་བརྩོན་བརྒྱུད་མི་དེ་བས་མང་བས་སྤོ་ལོ་ཤིང་བརྐོས་ལག་ཤེས་རྒྱུས་ལོན་པ་དང་གནའ་བོའི་ལག་ཤེས་འདི་དེང་རབས་སྤྱི་ཚོགས་སུ་རྒྱུན་འཛིན་དང་གོང་འཕེལ་སྔར་བས་ལེགས་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་སློབ་གསོ་དང་ལས་རིགས་སློབ་གྲྭའི་སློབ་གསོ་ཟུང་དུ་འབྲེལ་བ་བརྒྱུད། སྤོ་ལོ་ཤིང་བརྐོས་ལག་ཤེས་འདིར་གསོན་ཤུགས་གསར་པ་རྒྱས་ནས་བོད་ཀྱི་རིག་གནས་བང་མཛོད་ནང་གི་འོད་མདངས་རབ་ཏུ་འཚེར་བའི་ནོར་བུ་ཞིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    སློབ་གསོ་ལས་འབྱུང་འགྱུར་ལ་གདམ་ག་དེ་བས་མང་དུ་ཕྱིན་པ།

    བཅར་འདྲི་བྱེད་རིང་། རྣམ་རྒྱལ་གྱི་ཚ་བོ་ཀུན་དགའ་ཡེ་ཤེས་ཀྱིས་སྐད་སྒྱུར་བྱས་པས་གླེང་མོལ་དེ་བས་བདེ་བླག་བྱུང་། ཀུན་དགའ་ཡེ་ཤེས་ད་ལྟ་རྫོང་གྲོང་དུ་དམའ་འབྲིང་འགྲིམ་བཞིན་ཡོད་པ་དང་། ཕ་བསོད་ནམས་ཆོས་འཕེལ་ནི་ཆབ་མདོའི་གྲགས་ཅན་གྱི་བོད་ཡིག་ཡིག་གཟུགས་མཁས་ཅན་ཞིག་ཡིན་ཞིང་། ཁོང་གི་ཡིག་གཟུགས་དེའང་ཤིང་བརྐོས་དང་འབྲེལ་བ་དམ་ཟབ་ཡོད། མ་གཞི་རྣམ་རྒྱལ་གྱིས་རང་གི་ཚ་བོར་ལག་ཤེས་དེ་རྒྱུན་འཛིན་བྱེད་དུ་འཇུག་འདོད་ཡོད་མོད། འོན་ཀྱང་ཀུན་དགའ་ཡེ་ཤེས་ཀྱིས་རང་ཉིད་ཆེན་པོ་ཆགས་རྗེས་སྨན་པ་ཞིག་བྱེད་འདོད་ཆེན་པོ་ཡོད་ལུགས་བརྗོད།

    གདམ་ག་དེ་ལ་སློབ་གསོ་འཕེལ་རྒྱས་ལས་བྱུང་བའི་སྣ་མང་རང་བཞིན་མཚོན་ཡོད་ཅིང་། ན་གཞོན་མི་རབས་ཚོ་ནི་མེས་པོ་ཚོའི་འཚོ་བ་སྐྱེལ་སྟངས་ཁོ་ནར་བརྟེན་མི་དགོས་པར་རང་གི་དགའ་མོས་དང་དད་ཞེན་ལ་བསྟུན་ནས་དེ་བས་ཡངས་པའི་མི་ཚེའི་བགྲོད་ལམ་འདེམས་ཆོག་གི་ཡོད། དེས་སྲོལ་རྒྱུན་རྒྱུན་འཛིན་ལ་ཞིབ་འཇུག་བྱ་གཞི་གསར་པ་མཁོ་འདོན་བྱས་ཡོད་ལ། རིག་གནས་ཀྱི་རྒྱུན་སྐྱོང་སྟངས་གཞན་ཞིག་ཀྱང་མཚོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།