དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ན་རྫུ་བཏབ་པ།

    འཆི་མེད་རིན་ཆེན། (སློབ་མའི་རྩོམ་ཡིག)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-09

    མཚན་མོ་དེར། ང་རང་གཉིད་གཏན་ནས་མ་ཁུག སང་ཉིན་ཐོ་རེངས་ནས་ལངས་ཏེ་རྐང་ཐང་མར་སློབ་གྲྭར་འགྲོ་དགོས་པ་དྲན་དུས། ངའི་སེམས་པ་སྐྱོ་གདུང་གིས་མནར་ཏེ་མལ་སར་འགྲེ་ལོག་ཡང་ཡང་རྒྱག་དགོས་བྱུང་།

    སྒེའུ་ཁུང་གི་ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། ཁྱི་རྒན་གྱི་ཟུག་སྒྲ་བར་མེད་གྲག་འོང་། ངས་མལ་ཆས་ཀྱིས་མགོ་བོ་བཏུམས་ཏེ་གཉིད་ཐན་ཐུན་ཁུག་པར་རེ་ཡང་། ངའི་རིག་པ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ་གཉིད་ཀྱི་གཡའ་ཙམ་ཡང་མི་འདུག གཉིད་མེད་པའི་མཚན་མོ་ནི་ཅི་འདྲའི་འཁྱོལ་དཀའ་ཨང་། པཱ་ལགས་ཀྱིས་ང་ཁྱིམ་དུ་མ་ཉར་བར་ཨ་ན་ཨུ་ཚུགས་ཀྱིས་སློབ་གྲྭར་སྐྱེལ་དོན་གང་ཡིན། དོན་ངོ་མར་ང་ནི་ཁོང་གི་ཤ་ལས་བཅད་པའི་ཕྲུ་གུ་གྲུང་གྲུང་ཡིན་ནམ། མཚན་མོ་དེར་ངས་འདི་ལྟར་བསམས། ངའི་པཱ་ལགས་ཀྱིས་ཡ་ང་སྙིང་རྗེར་མ་བལྟས་པར་ང་གཅིག་པུར་རྒྱུས་མེད་ཀྱི་སློབ་གྲྭར་སྐྱེལ་དོན་གང་ཡིན་མིན་ལ་བསམ་བློ་བཏང་ཡང་། ང་ལ་རང་སེམས་ཁོ་ཐག་ཆོད་པའི་ལན་ཞིག་གཏན་ནས་མ་རྙེད། ང་དང་ན་ཟླ་ཡིན་པའི་ཁྱིམ་མཚེས་ཀྱི་ཕྲུ་གུ་ཚོ་ཕ་མས་སློབ་གྲྭར་མ་བཏང་བར་རང་གི་འཁྲིས་སུ་ཉར་ནས་བྱམས་དང་བརྩེ་བས་སྐྱོང་བཞིན་ཡོད་ཀྱང་། ངའི་པཱ་ལགས་ནི་ཁྱིམ་མཚེས་ཀྱི་པཱ་ལགས་འདི་ཚོ་དང་གཏན་ནས་མི་འདྲ་སྟེ། ངས་སློབ་གྲྭར་འགྲོ་འདོད་མེད་ཚུལ་དང་སློབ་གྲྭའི་འཚོ་བ་སྐྱོ་པོ་ཡོད་ཚུལ་བཤད་ནས། ང་རང་ཡང་ཁྱིམ་མཚེས་ཀྱི་བྱིས་པ་ཚོ་དང་འདྲ་བར་ཁྱིམ་དུ་ཉར་རོགས་ཞེས་ཞུ་བ་ཕུལ་ཡང་། ངའི་པཱ་ལགས་ཀྱིས་ངའི་འདོད་པ་གཏན་ནས་མ་བསྐངས། སྐབས་དེ་དུས་ངའི་བསམ་པར་ངའི་པཱ་ལགས་ནི་མིང་དོན་མཚུངས་པའི་པཱ་ལགས་ཡག་པོ་ཞིག་མ་རེད་སྙམ།

    དགུན་ཁ་དེའི་ཞོགས་པར། ང་རང་གཅིག་པུར་སློབ་གྲྭར་འགྲོ་འདོད་གཏན་ནས་མ་བྱུང་སྟབས། ངས་དེ་འཕྲལ་ན་རྫུ་བཏབ་སྟེ་སློབ་གྲྭར་མི་འགྲོ་རྒྱུའི་སེམས་ཐག་བཅད། པཱ་ལགས་ཀྱིས་ངའི་འཁྲིས་སུ་ཡོང་སྟེ། བུ། མགྱོགས་པོ་ལོངས། སློབ་གྲྭར་འགྲོ་རན་འདུག་ཅེས་གསུངས། ངས་ཧ་ཅང་སྐྱོ་ཉམས་དང་བཅས། པཱ་ལགས། ང་རང་སློབ་གྲྭར་འགྲོ་ཐུབ་པ་མི་འདུག མགོ་བོ་ན་ནས་ཤི་གྲབས་བྱེད་ཀྱི་འདུག་ཅེས་གྲོད་པར་འཕུར་འཕུར་ལན་འགའ་གཏོང་བཞིན་པཱ་ལགས་ལ་འདི་ལྟར་ཞུས་པར། པཱ་ལགས་ཀྱིས་ནག་ཅིང་རྩུབ་པའི་ཕྱག་གཡས་པ་མདུན་དུ་བརྐྱངས་ནས་ངའི་ཐོད་པར་སྦྱར་ཏེ་ང་ལ་ཚ་བ་རྒྱས་ཡོད་མེད་བལྟས། ངའི་ཐོད་པར་ཚ་བ་རྒྱས་མེད་པ་ཤེས་འཕྲལ། པཱ་ལགས་ཀྱིས་ད་གཟོད་ངས་ན་རྫུ་བཏབ་པ་མཁྱེན་ཏེ། བུ་རང་མགོ་བོ་ན་གི་ཡོད་ན་གྲོད་པར་འཕུར་འཕུར་གཏོང་དོན་གང་ཡིན་ཞེས་དྲིས། ངས་རྫུན་རྐུབ་བརྡོལ་གྲབས་ཡོད་པ་ཤེས་ཏེ་དེ་མ་ཉིད་དུ། མ་རེད། པཱ་ལགས། ང་མགོ་བོ་ན་ཡི་མི་འདུག གྲོད་པ་ན་ཡི་འདུག་ཅེས་ཞུས་པར། པཱ་ལགས་ཀྱིས་ངའི་མགོ་བོར་བྱིལ་བྱིལ་ལན་འགའ་བྱེད་ཞོར་དུ། བུ། པཱ་ལགས་ཀྱིས་ཕ་མ་གཞན་དང་མི་འདྲ་བར་ཁྱོད་སློབ་གྲྭར་སྐྱེལ་དོན་ནི་ཕྱིས་འབྱུང་ཁྱོད་ཀྱང་པཱ་ལགས་བཞིན་དཔུང་ས་འོག་ཏུ་བཅུག་ནས་དཀའ་ལས་ཁྲག་དྲི་བྲོ་བྲོ་རྒྱག་མཁན་གྱི་ཞིང་པ་ཞིག་བྱེད་མི་དགོས་པ་བྱུང་ན་བསམ་པས་ཡིན་ཞེས་གསུངས།

    པཱ་ལགས་ཀྱི་བཀའ་མོལ་དེ་ཉན་རྗེས། ངས་ད་གཟོད་ངའི་པཱ་ལགས་ཀྱིས་ཁྱིམ་མཚེས་ཀྱི་ཕ་མ་ཇི་བཞིན་ང་རང་ཁོང་གི་འཁྲིས་སུ་ཉར་ནས་ལུག་འཚོ་བར་མ་བཏང་བར་སློབ་གྲྭར་གཏོང་དོན་ནི་ང་རང་གི་ཆེད་དུ་རེད་སྙམ་སྟེ་སེམས་ལ་འགྱོད་གདུང་དྲག་པོ་སྐྱེས། ངས་དེ་འཕྲལ་མལ་ལས་ལངས་ཏེ་ཁ་ངོ་སྟབས་བདེ་ཞིག་བཀྲུས་ཤིང་། དཔེ་ཁུག་རྒྱབ་ཏུ་ཁུར་ནས་རྒྱུག་ཤར་གློད་དེ་ཐད་ཀར་སློབ་གྲྭར་ཆས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།