གཏམ་འདོད།
བཀྲ་ཤིས་ཚེ་རིང་། (སློབ་མའི་རྩོམ་ཡིག)
དབྱར་ཁའི་གུང་གསེང་གཏོང་ལ་ཉེ་བའི་ཉིན་ཞིག་ལ། རྒྱང་རིང་གི་རི་གྲོང་དུ་འཇོར་དང་སྦྱག་མ་གྲོགས་སུ་བསྟེན་བཞིན་ཞིང་ལས་ཁོ་ནར་དབུ་འཁོར་བའི་པཱ་ལགས་ཀྱིས་ང་རང་ཡོད་སའི་གྲོང་ཁྱེར་གྱི་སློབ་ཆུང་དུ་ང་ལ་ལྟ་བར་ཕེབས།
དབྱར་ཁ་ཚ་གདུག་ཆེ་བས། ང་ཚོ་ནི་ཚ་གདུག་ལ་མ་བཟོད་པར་འོག་འཇུག་ཕུ་ཐུང་ཙམ་ལས་གྱོན་མ་བཟོད་ཀྱང་། ངའི་པཱ་ལགས་ནི་དེ་ལས་ལྡོག་སྟེ་སློག་པ་སྤུ་རལ་ཤིག་ཤིག་ཅིག་གྱོན་ནས་སློབ་གྲྭའི་རྒྱལ་སྒོའི་སྒོ་འགྲམ་དུ་ང་བསྒུགས་ནས་འདུག གལ་ཏེ་འཛིན་བདག་གིས་ང་ལ་ཁྱོད་ཀྱི་པཱ་ཕ་སླེབས་འདུག་ཅེས་བརྡ་མ་བཏང་ཚེ། ངས་པཱ་ཕ་གྲོང་ཁྱེར་དུ་ང་ལ་ལྟ་བར་ཡོང་མིན་ག་ལ་ཤེས། ངས་དེ་འཕྲལ་སུས་ཀྱང་མ་མཐོང་བར་བྱས་ཏེ་སློབ་གྲྭའི་ལྕང་གསེབ་བརྒྱུད་ལྐོག་ལྐོག་སུད་སུད་ཀྱིས་སློབ་གྲྭའི་རྒྱལ་སྒོར་ཕྱིན་པ་དང་། པཱ་ཕ་མཐོང་ཡང་མ་མཐོང་ཁུལ་བྱས་ཏེ་པཱ་ཕ་དང་བར་ཐག་ངེས་ཅན་ཡོད་ས་ཞིག་ཏུ་སོང་སྟེ། པཱ་ཕར་རྒྱལ་སྒོའི་མདུན་དུ་མ་བསྡད་པར་ངའི་རྗེས་སུ་ཡོང་དགོས་པའི་བརྡ་ཡི་ཚུལ་དུ་ལག་གཡབ་འགའ་བརྒྱབ། པཱ་ཕས་ང་མཐོང་འཕྲལ། ནག་རོག་རོག་གི་བཞིན་རས་ཀྱི་ཁྱོན་ལ་འཛུམ་མདངས་ཤིག་ངང་གིས་རྒྱས་ཤིང་། དེ་ནི་ཉི་མ་རེ་ཞིག་སྤྲིན་ནག་གི་ཀློང་ནས་ཐར་བ་དང་གཉིས་སུ་མ་མཆིས།
པཱ་ཕས་ཐང་ལ་ཕབ་པའི་ལྟོ་ཕད་ནག་པོ་དེ་དཔུང་པར་བསྐོན་ནས་འདུར་མ་རྒྱུག་གིས་ངའི་ཕྱོགས་སུ་ཕེབས། པཱ་ཕ་ངའི་འཁྲིས་སུ་འབྱོར་མཚམས་སུ། ངས་པཱ་ཕར་ཚིག་གཅིག་ཀྱང་མ་བཤད་པར་ཁ་རོག་གེར་གོམ་པ་མདུན་དུ་སྤོས་ནས་པཱ་ཕ་དང་བར་ཐག་ངེས་ཅན་བཞག་པ་དང་། མདུན་དུ་གང་ཙམ་སོང་ནས་མི་ཅི་ཡང་མེད་པ་ཤེས་རྗེས། ད་གཟོད་པཱ་ཕར་ཕྱོགས་ནས། པཱ་ཕ་རང་ལྟོས་དང་། ཚ་གདུག་ཆེ་བའི་ནམ་དུས་འདི་འདྲར་ཡང་སློག་པ་སྤུ་རལ་ཤིག་ཤིག་ཅིག་གྱོན་ནས་གང་བསམ་གྱི་འདུག ངའི་སློབ་གྲོགས་ཚོས་གལ་ཏེ་ངའི་པཱ་ཕ་ནི་ཞིང་པ་ཞིག་དང་། ལྷག་པར་དུས་བཞི་དབྱེར་མེད་དུ་སློག་པ་ཞིག་གྱོན་ནས་སྡོད་མཁན་གྱི་ཐལ་རྡུལ་འཚུབ་འཚུབ་ཅིག་ཡིན་པ་མཐོང་ན། ང་ངོ་མི་ཚའམ་ཞེས་བཤད་པར། པཱ་ཕས་ཅུང་གནོང་འགྱོད་དང་སྦྲགས་མིག་ཟུང་ཐད་ཀར་ང་ལ་ལྟ་མ་ཕོད་པར་མགོ་བོ་ཅུང་ཟད་དུད་ནས། དགོངས་པ་མ་ཚོམས། ཞོགས་པ་མོ་ཊའི་རྗེས་ཆོད་ཨེ་ཡོང་བསམས་ཏེ་གདོང་པའང་འཁྲུད་ཁོམ་མ་བྱུང་ཞེས་བརྗོད། ནམ་རྒྱུན་ཡུལ་མི་ཚོའི་མདུན་དུ་སྦོ་དགྱེ་དགྱེ་བྱས་ནས་འགྲོ་བཞིན་པའི་པཱ་ཕས་ནོར་འཁྲུལ་ཤོར་བའི་སློབ་མ་ཞིག་ལྟར་ངའི་མདུན་དུ་མགོ་བོ་དུད་པ་དང་གཉའ་ཞུམ་ཞུམ་བྱེད་པ་མཐོང་དུས། ཡུད་ཙམ་ཞིག་གི་རིང་ངའི་སྣ་ཁུང་ལའང་ན་ཟུག་ལྡང་བ་དང་། མིག་ཟུང་གི་ནམ་མཁར་སྤྲིན་ནག་འཁྲིགས་མེད་ཀྱང་མཆི་མས་གཡས་སྐོར་གཡོན་སྐོར་བྱེད། ང་རང་མིག་ཆུ་ཤོར་བ་མཐོང་འཕྲལ། པཱ་ཕས་དེ་མ་ཉིད་དུ། བུ། མིག་ཆུ་མ་ཐོངས། ཚང་མ་པཱ་ཕས་ལན་སོང་། ཕྱིས་སུ་པཱ་ཕས་ཁྱོད་ལ་ལྟ་བར་ཡོང་དུས་ཡིན་གཅིག་གཟབ་སྤྲོས་སྤྲས་ནས་ཡོང་ཆོག་ཅེས་བརྗོད། པཱ་ཕའི་སྐད་ཆ་དེ་ཐོས་རྗེས། ངས་རང་དབང་མེད་པར་པཱ་ཕའི་མགྲིན་པར་དམ་དུ་འཁྱུད་པར་ཐལ་ཞིང་། རེ་ཞིག་ངག་ནས་སྐད་ཆའང་མ་ཐོན་པར་ལུས།
ཡུད་ཙམ་སོང་རྗེས། པཱ་ལགས་ཀྱིས་ངའི་མགོ་བོ་ནས་རྐང་པ་བར་གཟིགས་ཏེ་དགྱེས་ཚོར་ཆེན་པོས། བུ་རང་གདོང་པ་དཀར་དུ་སོང་འདུག་ལ། གཟུགས་པོའང་ཅུང་ལོངས་འདུག་ཅེས་གསུངས་པ་དང་། དེ་ནས་ལྟོ་ཕད་ཀྱི་ཁ་ཕྱེ་ནས་ང་རང་ཤིན་ཏུ་ཟ་བར་དགའ་བའི་ཞོག་ཁོག་བརྔོས་མ་དང་། ཕྱུར་བ་དང་ཤ་སྐམ་པོ་བཅས་བཏོན་ཏེ་ངའི་ལག་ཏུ་སྤྲད། ངས་པཱ་ཕའི་ལག་ནས་རྔན་པ་དག་ཚུར་བླངས་ཤིང་། འཇིག་རྟེན་འདིར་ང་ལ་དགའ་ཤོས་དང་བྱམས་ཤོས་གནང་མཁན་ནི་ཕ་མ་ཁོ་ན་ཡིན་པ་གཞི་ནས་ཤེས་ཏེ། ངས་གཏམ་འདོད་ཀྱིས་མ་བཞག་པར་ཞིང་ཁུལ་གྱི་ཕ་མ་གཉིས་ལ་མཐོང་ཆུང་བྱས་པ་མ་ཟད། པཱ་ཕས་ལེ་དབར་དུ་མའི་དཀའ་ངལ་ལ་མ་འཛེམས་པར་ང་ལ་ལྟ་བར་ཕེབས་ཀྱང་། མི་གཞན་པས་ཁོང་ནི་ངའི་པཱ་ཕ་ཡིན་པ་ཤེས་དོགས་ཀྱིས་ངས་ཁོང་དང་བར་ཐག་བཀྱེད་པར་འགྱོད་གདུང་དྲག་པོ་སྐྱེས། དུས་དེ་ནས་བཟུང་། ངས་རང་ཉིད་ནི་ཞིང་པའི་བུ་ཕྲུག་ཅིག་ཡིན་པར་ངོ་ཚ་རྒྱུ་ལྟ་ཅི། རང་ཉིད་ཞིང་པའི་བུ་ཕྲུག་ཡིན་བཞིན་དུ་རང་གི་ཕ་མར་མཐོང་ཆུང་བྱེད་པ་ནི་ད་གཟོད་ངོ་ཚའི་རྒྱུ་ཡིན་པ་ངང་གིས་ཤེས་ཏེ། ཞིང་ཁུལ་དུ་འཚོ་བའི་ཕ་མ་ཟུང་དང་འདྲ་བར་བདེན་པའི་ལས་དང་དྲང་པོའི་མི་ཞིག་བྱས་ནས། སློབ་གྲྭ་ནས་ཐོན་རྗེས་ཕ་མ་དྲིན་ཆེན་གཉིས་ཀྱི་བཀའ་དྲིན་འཇལ་ཐུབ་པ་བྱེད་རྒྱུའི་ཆོད་སེམས་རྡོ་ལ་རི་མོ་བརྐོས་པ་ལྟར་བཞག་པ་ཡིན།
འབྲེལ་ཡོད་གསར་འགྱུར།