རྒྱང་ལ་ཤོར་བའི་སེམས་གཞས།
མེ་ཆར།
མཁའ་དབྱིངས་ཆུ་འཛིན་གསེབ་ནས། །
ཟླ་འོད་མག་མོག་འཆར་དུས། །
རྒྱང་ལ་ཕྱོགས་པའི་སེམས་གཞས། །
དབེན་པའི་སུལ་ནས་གྱེར་ཡོད། །
ཁུ་སིམ་མཚན་ལྗོངས་དཀྱིལ་ནས། །
སྐར་ཚོགས་སྤྱན་ཟུང་ལྷེམ་ལྷེམ། །
དྲན་གདུང་རྦ་རླབས་དྲག་པོ། །
ཡིད་མཁར་ཡང་ཡང་འཕྱོ་འོང་། །
དྲན་པའི་དབྱིངས་ནས་ཤར་བའི། །
ཡིད་མཐུན་ཆུ་ཤེལ་དབང་པོ། །
མཚན་གཞས་དབྱངས་ལ་གྱེར་དང་། །
སེམས་གཏམ་འདི་ནས་གོ་འོང་། །
ལྷ་བྱ་ཁྲུང་ཁྲུང་དཀར་མོས། །
གཤོག་ཟུང་ལྷོ་ལ་སྒྱུར་ཡང་། །
མཛེས་པའི་གྲིབ་གཟུགས་ཁེར་འགྲོ། །
ས་ཆེན་དཀྱིལ་ནས་མ་ཡལ། །
དཔྱིད་མགོའི་མེ་ཏོག་དཀར་པོས། །
དབྱར་གྱི་དཔལ་མོ་བསུས་བྱུང་། །
སྟོན་མཇུག་སྡོང་ལོ་སེར་པོས། །
དགུན་འཁྱག་ལྷགས་རླུང་དྲངས་བྱུང་། །
གཟུགས་མེད་ཡིད་ཀྱི་སྦྲང་ཆུང་། །
ཟླ་བའི་འོད་ལ་འཁྲེང་དུས། །
གྱེས་ཁའི་ཤུགས་གླུ་རིང་མོ། །
བརྩེ་བའི་གཞས་ལ་བཀུག་ཡོད། །
ནམ་མཁར་སྤྲིན་པ་འཁོར་བྱུང་། །
ཆར་ཟིམ་ས་ལ་འཐོར་སོང་། །
སྟོན་ཆར་ནམ་མཁའི་མཆི་མ། །
སེམས་ཀྱི་མཐིལ་ལ་བབས་སོང་། །
སྟོན་རླུང་བསིལ་བསིལ་ལྡང་བའི། །
སྟོན་ཟླ་མཇུག་མ་ཞིག་ལ། །
ཁུ་བྱུག་མོན་ལ་ཆས་དུས། །
ཡིད་ཀྱི་ནགས་ཀླུང་དབེན་སོང་། །
མཛེས་སྡུག་དབྱར་གྱི་དཔལ་ཡོན། །
སྟོན་རླུང་ངར་མས་དེད་ནས། །
ངེས་མེད་གཞན་ཡུལ་ཆས་དུས། །
སེམས་ཀྱི་སྤང་ཐང་སྟོང་སོང་། །
རྟོག་པའི་ལྡེབས་རིས་ངོས་ཀྱི། །
སྐྱིད་སྡུག་འཚོ་བའི་སྣང་བརྙན། །
བརྗོད་པ་ཚིག་གིས་མི་མཚོན། །
ནང་སེམས་ཁོ་ནས་མྱོང་དགོས། །
འབྲེལ་ཡོད་གསར་འགྱུར།