དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲོག་མོ་སྙིང་རྗེ་མོ།

    བན་ཤུལ་དཔལ་ལོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-09

    སྟོད་རི་གསུམ་རྩེ་མོའི་སྨུག་པ་ལང་ལོང་དབུས་ནས། །

    ཞེ་འདང་བརྩེ་དྲོན་མོས་ཡ་ཆུང་ལ་གཞས་ལེན་པའི། །

    ངའི་སྙིང་གི་གུར་ཁང་དབུས་ན་ཟླ་བ་བཞིན་དུ། །

    འཛུམ་གྱི་ལེར་བཞུགས་པའི་སྨན་ཆུང་བདེ་མོ་ཨེ་ཡིན། །

    ལོ་ཉི་ཤུའི་སྣང་བ་ན་གཞུང་མེ་ཏོག་འདྲ་བོ། །

    ཕྱུགས་དཀར་ནག་འཚོ་སའི་རི་སྒང་ལ་ལུང་ཀུན་ཏུ། །

    དགུང་ཉི་ཟླ་གཅིག་གི་འོད་དང་དྲོད་ཁོལ་ཀློང་ནས། །

    སེར་ལམ་མེར་བཞད་པའི་ངང་ཚུལ་བརྗེད་ཐབས་མི་འདུག །

    ཁ་ཚུར་འཁོར་ཞལ་གྱི་དུང་ཟླ་འཛུམ་གྱིས་གྲོལ་ཞིང་། །

    ཁ་ཕར་འཁོར་ལུས་ཀྱི་རྒྱབ་གཟུགས་ཡུན་གྱིས་མངོན་དུས། །

    སྙིང་བརྩེ་བ་མི་འཆོར་རང་དབང་བློ་ལ་མི་འདུག །

    ཚིག་དར་དཀར་རྡོ་རྗེའི་མདུད་པ་ངག་ནས་འཁྲོལ་སོང་། །

    ཁྱོད་ད་ནངས་ཡུལ་ནས་ཡོང་བའི་ལེགས་སྐྱེས་ནོམ་པ། །

    ལག་སོར་གདུབ་བརྩེ་བའི་འཕྲིན་ཡིག་ཁུད་དུ་གཅུད་དེ། །

    ཁྲེལ་མི་འགྱུར་སྙིང་གཏམ་ཚིག་གི་ཁ་ཆད་བསྙད་བཞིན། །

    ཕོ་ང་ལ་གནང་བའི་དད་རྟེན་སེམས་ནས་མི་བོར། །

    སྐྲའི་ལན་བུ་སྐྱི་བསེར་རླུང་གིས་ཁུར་བའི་བུ་མོ། །

    མགོ་རས་དཀྲིས་དམར་པོའི་འོག་གི་སྨིན་མའི་མཚམས་ནས། །

    མིག་ཁྲ་ཆུང་ཟུང་གིས་མཛའ་གཞས་ལྷང་ལྷང་ལེན་མཁན། །

    ངའི་སེམས་སོང་འབྲོག་མོ་གསེར་གྱི་རྣ་ལུང་ཅན་རེད། །

    སྦྲ་མཐིང་སྨུག་སྒོ་དར་ཅན་པོའི་ཐུ་འོག་དེ་ན། །

    ལག་འོ་ཟོའི་གཞུང་རྟ་དྲང་མོ་ལག་པས་སྐྱོར་བཞིན། །

    མགོ་སྐྲ་ལོ་རླུང་གིས་ཁྱེར་བཞིན་རྔུལ་ཆུ་ཁྲོམ་མེར། །

    ཞོ་འོ་དྲི་འཐུལ་བའི་མར་ལོ་ལེན་མཁན་ཁྱོད་རེད། །

    དབྱར་ལྷས་རའི་དཀྱིལ་ན་འབྲི་མོའི་ཕོ་འོག་འཛུལ་ཏེ། །

    ལུས་མགོ་ཟུར་འགྲམ་པས་དབོ་རྩིད་བྲང་ལ་གླན་ནས། །

    ངག་གླུ་ཆུང་ལེན་བཞིན་འོ་མ་ཤག་ཤག་འཇོ་བའི། །

    ལག་གྲུ་མོར་དྲེག་ཆཊ་འཁོར་བའི་གཞི་འཛིན་ཁྱོད་ཡིན། །

    དཔྱིད་མེ་ཏོག་ཡུ་བ་བཅད་དེ་རོགས་ལ་ཕུལ་ཡོད། །

    དབྱར་འགོ་མའི་མཚེར་ཆུའི་ཕུད་དེ་མཁའ་ལ་མཆོད་ཡོད། །

    སྟོན་འབྲས་བཟང་གཡུ་ལོའི་ལྗོན་པ་བསིལ་ལ་བསྟེན་ཡོད། །

    དགུན་ཁ་བའི་འདབ་མ་ལུས་ཀྱི་རྩོལ་བས་བསུས་ཡོད། །

    ངའི་ཡིད་ཀྱི་ཐིག་ལེ་འབྲོག་མོ་སྙིང་ལ་རྗེ་མོ། །

    ང་རི་ཀླུང་ཐང་གསུམ་འགྲིམས་པའི་མཐོང་ཐོས་མོད་ཀྱང་། །

    ཁྱོད་ལྟ་བུའི་བུ་མོའི་གཤིས་ཀ་གསེར་ལྟར་དཀོན་པའི། །

    རྒྱན་འདི་འདྲ་མིག་གིས་མཐོང་བའི་བསྐལ་པ་དབེན་སོང་། །

    སྤྱིར་སྨྱུག་འཛིན་མི་བུ་བདག་གི་གོ་རྟོགས་དམའ་བས། །

    སྨན་ཡ་རབས་འབྲོག་མོའི་ཡོན་ཏན་ཇི་བཞིན་མཚོན་དཀའ། །

    ཚིག་སྙན་ངག་འདུ་བྱེད་བློ་ཡི་གཤོག་རྩལ་ཞན་ཡང་། །

    སེམས་བསམ་པས་མ་བཞག་ཅུང་ཟད་འབྲི་བར་ཐལ་སོང་། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།