སྨྱན་སྦྱོར་གསར་པའི་དུས་བབ་འོག་གི་རྒྱ་བོད་གསར་འགྱུར་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།
དྲ་བའི་མེ་ཏོག་གང་སར་བཞད་ནས་མྱུ་གུ་འབུས་བཞིན་པའི་དེང་གི་དུས་སུ་སྲོལ་རྒྱུན་གྱི་ཚགས་པར་དང་དུས་དེབ་སོགས་ཀྱི་ཡིག་སྒྱུར་ཕུད། སྨྱན་སྦྱོར་གསར་པའི་ཡིག་སྒྱུར་ཞེས་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། ཚགས་པར་དང་དུས་དེབ་སོགས་དང་བསྡུར་ན། ལག་རྩལ་དང་བརྒྱུད་སྤེལ་གྱི་མྱུར་ཚད་ཐད་ཧེ་བག་ཆེན་པོ་ལྡན་ཡོད། དེ་འདྲའི་རྒྱབ་ལྗོངས་འོག་སྨྱན་སྦྱོར་གསར་པའི་རྒྱ་བོད་ཡིག་སྒྱུར་ལ་འཕྲད་པའི་འགྲན་སློང་ལ་ཁ་གཏད་གང་འདྲ་གཅོག་པ་དང་། གང་འདྲ་བྱས་ཏེ་ཚིག་ཉུང་བ་དང་དོན་བསྡུས་པའི་སྒོ་ནས་བརྒྱུད་བསྒྲགས་བྱེད་པ། སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་རྒྱ་བོད་ཡིག་སྒྱུར་ལ་དོན་སྙིང་གང་འདྲ་ལྡན་པ་སོགས་ཀྱི་ཐད་ནས་རགས་ཙམ་གླེང་བར་བྱའོ།
དང་པོ། སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་ཡིག་སྒྱུར་བྱེད་སྟངས་ལ་འཕྲད་པའི་འགྲན་སློང།
སྤྱིར་ན་ཡིག་སྒྱུར་ཞེས་པ་དེ་སྐད་རིགས་ཤིག་སྐད་རིགས་གཞན་ཞིག་ཏུ་བསྒྱུར་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པར་བརྗོད། ཡིན་ནའང་ད་ཆ་སྨྱན་སྦྱོར་གསར་པ་དར་ཁྱབ་ཆེ་བའི་དུས་འདིར་སྐད་ཆའི་ཤོད་སྟངས་ལ་འགྱུར་ལྡོག་ཧ་ཅང་མགྱོགས་ལ་མི་རྣམས་ཀྱིས་ཕན་ཚུན་འབྲེལ་བ་བྱེད་སྐབས་རྒྱུན་དུ་བསྡུས་འབྲི་དང་། ཚིག་ཚོགས། རྣམ་འགྱུར་མཚོན་རྟགས་སོགས་ཀྱི་ཐད་ནས་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། སྲོལ་རྒྱུན་གྱི་ཡིག་ཐོག་གི་སྐད་ཆ་དང་བསྡུར་ཚེ་སྐད་ཆ་དེ་རིགས་ཁ་སྐད་ཅན་དང་སྟབས་བདེ་རུ་ཕྱིན་ཡོད། དེ་འདྲའི་དུས་སུ་ཡིག་སྒྱུར་ལའང་དེ་དང་འདྲ་བར་འགྲན་སློང་མང་དག་འཕྲད་དང་འཕྲད་བཞིན་ཡོད།
སྨྱན་སྦྱོར་གསར་པའི་སྐད་འཕྲིན་སྤྱི་རྟགས་ལ་ཆ་བཞག་ན། སྲོལ་རྒྱུན་གྱི་ཚགས་པར་གྱི་ཁ་བྱང་དང་མི་འདྲ་བར་ཡི་གེ་64ལས་འབྲི་ཆོག་གི་མེད་པས། དེར་བརྟེན་ཚིག་ཉུང་ཞིང་དོན་བསྡུས་ལ་ཀློག་པ་པོའི་ཡིད་དབང་འགུག་ཐུབ་པའི་ཁ་བྱང་ཞིག་འབྲི་དགོས་པ་གལ་འགངས་ཤིན་ཏུ་ཆེ། དཔེར་ན། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་དམིགས་པའི་རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བྱེད་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དེ་ཁ་བྱང་གི་ཡིག་འབྲུའི་ཚད་ལས་བརྒལ་བས། རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་བཏང་བའི་བརྡ་ཐོ་ཞེས་ཚིག་ཉུང་ལ་གོ་བདེ་བ་དང་བརྗོད་དོན་མངོན་གསལ་དོད་པོ་ཞིག་ཡོང་བར་བྱས་ཏེ་འབྲི་དགོས་པ་ལྟ་བུའོ།
སྤྱི་ཚོགས་འབྲེལ་བའི་ཆ་འཕྲིན་མང་པོ་ཞིག་ཕན་ཚུན་སྤེལ་རེས་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ལས་ཆ་འཕྲིན་འགྲེལ་བཤད་དང་བརྒྱུད་བསྒྲགས་བྱ་རྒྱུར་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད། དེའི་ཕྱིར། ཡི་གེའི་སྤྱོད་ཡུལ་དང་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ཡང་དག་པའི་ཆ་འཕྲིན་དང་རྣམ་འགྱུར་མཚོན་ཐུབ་པའི་འགན་ལེན་བྱེད་དགོས། ཚོགས་འདུ་སོགས་ལ་སྒམ་ནན་གྱི་ཁ་བྱང་འབྲི་དགོས་པ་དང་དུས་ཆེན་སོགས་ལ་དགོད་བྲོ་པོ་དང་ཡིད་དབང་འགུག་ཐུབ་པའི་ཁ་བྱང་ཞིག་འབྲི་དགོས། དཔེར་ན། སང་དགོང་མོ་འདིར་ཕེབས་དང་། འཁྲུག་པོ་ཞེ་དྲག་ཡོད་བཟོ་འདུག རྨོ་ཞིང་གི་དམར་ཐིག་ནན་པོར་སྲུང་དགོས། གནམ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་འདིར་ཕེབས་མྱོང་ངམ་སོགས་ནང་དོན་ལ་གཞིགས་ནས་ཁ་བྱང་འོས་འཚམ་བཟོ་དགོས་པ་ལྟ་བུའོ།
སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་རིག་གནས་ཀྱི་སྣ་མང་རང་བཞིན་ནི་ཡིག་སྒྱུར་དང་ཁྱབ་སྤེལ་ལ་འཕྲད་པའི་འགྲན་སློང་ཞིག་ཡིན། རྒྱུ་མཚན་ནི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་སྐབས་ས་ཁུལ་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་དབར་གྱི་ཧེ་བག་ལ་བསམ་བློ་གཏོང་དགོས། ཧེ་བག་དེ་རིགས་ཀྱིས་ཆ་འཕྲིན་བརྒྱུད་བསྒྲགས་དང་གསལ་འགྲེལ་ལ་ཤུགས་རྐྱེན་ཐེབས་སྲིད། དེའི་ཕྱིར། ཡིག་སྒྱུར་དང་ཁྱབ་སྤེལ་ཁྲོད་དུ་རིག་གནས་ཀྱི་ཁྱད་པར་ལ་བསམ་བློ་བཏང་སྟེ། རིག་གནས་ཁོར་ཡུག་མི་འདྲ་བའི་ནང་དུ་ཆ་འཕྲིན་ལ་གོ་བ་ཡང་དག་ལེན་ཐུབ་པའི་འགན་ལེན་བྱེད་དགོས། དཔེར་ན། 摔跤ལ་མཚོན་ན་བོད་སྐད་དུ་ཨབ་ཏང་དང་སོག་སྐད་དུ་སྦེ་ག་ཞེས་པ་ལྟ་བུ་བརྒྱུད་བསྒྲགས་བྱ་ཡུལ་ལ་གཞིགས་ནས་བརྒྱུད་བསྒྲགས་ཡང་དག་བྱེད་དགོས།
གཉིས་པ། སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་རྒྱ་བོད་ལོ་ཙཱའི་ཁྱབ་སྤེལ་ཐབས་ཇུས།
གོང་གི་འགྲན་སློང་དེ་དག་ལ་དམིགས་ནས་ཆ་འཕྲིན་ཡང་དག་པའི་སྒོ་ནས་ཁྱབ་སྤེལ་དང་བསྡུ་ལེན་བྱེད་པར་ཐབས་སྣ་ཚོགས་སྤྱོད་དགོས། ཐོག་མར། ཡིག་སྒྱུར་བྱེད་སྐབས་སྐད་ཆ་གོ་བརྡ་འཕྲོད་མིན་ལ་དོ་སྣང་བྱེད་དགོས། སྨྱན་སྦྱོར་གསར་པའི་སྐད་ཆའི་ནང་བསྡུས་འབྲི་དང་རྣམ་འགྱུར་མཚོན་རྟགས་མང་པོ་ཚུད་ཡོད། སྐད་ཡིག་གི་ཁྱད་ཆོས་འདི་དག་ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་དོ་སྣང་བྱེད་དགོས་ཏེ། ལོ་ཙཱ་བ་རྣམས་ཀྱིས་ཡང་དག་པའི་སྒོ་ནས་སྐད་ཡིག་གི་གོ་བརྡ་སྤྲོད་དགོས་པ་མ་ཟད། ད་དུང་མ་ཡིག་གི་ཁ་སྐད་ཀྱི་ཁྱད་ཆོས་ཀྱང་སྟོན་དགོས། དེས་མ་ཟད་ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་དུ་འོས་ཤིང་འཚམ་པའི་སྐད་ཆའི་ཉམས་འགྱུར་དང་མཚོན་ཐབས་བདམས་ཏེ། ཡིག་སྒྱུར་བརྩམས་ཆོས་དེ་ཀློག་པ་པོའི་དཔེ་ཀློག་གོམས་གཤིས་དང་མཐུན་པར་བྱེད་དགོས།
ཡིག་སྒྱུར་བྱེད་སྐབས་མ་རྩོམ་གྱི་སྐད་ཆའི་ཁོར་ཡུག་ལ་དབྱེ་ཞིབ་བྱེད་པར་དོ་སྣང་བྱེད་དགོས། རྒྱུ་མཚན་ནི་ཆ་འཕྲིན་བརྒྱུད་བསྒྲགས་དང་གསལ་འགྲེལ་བྱེད་པར་ས་ཁུལ་མི་འདྲ་བ་དང་རིག་གནས་མི་འདྲ་བའི་ཁྱད་པར་ལ་བསམ་བློ་གཏོང་དགོས། ལོ་ཙཱ་བས་མ་ཡིག་གི་རྒྱབ་ལྗོངས་དང་ཁོར་ཡུག་ལ་རྒྱུས་ལོན་དགོས་པ་དང་། སྐད་ཡིག་གི་སྤྱོད་ཡུལ་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་ཡིག་སྒྱུར་བརྩམས་ཆོས་ལས་ཡང་དག་པའི་ཆ་འཕྲིན་བརྒྱུད་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས།
ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་པར་ལ་མཉམ་འཇོག་བྱེད་དགོས། གང་ལགས་ཤེ་ན་རིག་གནས་མི་འདྲ་བར་ཁྱད་པར་ཆེན་པོ་ཡོད་པས། ཁྱད་པར་འདི་དག་གིས་ཆ་འཕྲིན་བརྒྱུད་བསྒྲགས་དང་གསལ་འགྲེལ་ལ་ཤུགས་རྐྱེན་ཐེབས་སྲིད། ཡི་གེ་སྒྱུར་རིང་ལོ་ཙཱ་བས་ནན་ཏན་སྒོ་ནས་རིག་གནས་ཀྱི་ཁྱད་པར་ལ་དབྱེ་ཞིབ་བྱེད་དགོས་པ་དང་། ཀློག་པ་པོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་དཔེ་ཀློག་གི་གོམས་གཤིས་ལ་རྒྱུས་ལོན་བྱས་ཏེ། རིག་གནས་ཀྱི་ཁོར་ཡུག་མི་འདྲ་བར་ཆ་འཕྲིན་ལ་གོ་བ་ཡང་དག་ལེན་ཐུབ་པའི་འགན་ལེན་བྱེད་དགོས། དཔེར་ན། བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་སམ་གོམས་སྲོལ་ཁྲོད་ཁ་དོག་གམ་ཚོས་གཞི་དཀར་པོ་དེ་བོད་ཀྱི་རིག་གནས་ཁྲོད་བཀྲ་ཤིས་པའི་མཚོན་རྟགས་ཡིན་པ་དཔེར་ན། དཀར་གཙང་མཇལ་དར། བློ་སེམས་དུང་ལྟར་དཀར་བ་ལྟ་བུ། རྒྱའི་རིག་གནས་ཁྲོད་ཁ་དོག་དཀར་པོ་ནི་བཀྲ་མི་ཤིས་པའི་མཚོན་རྟགས་ཡིནཔ་སྟེ་མི་ཚེ་ལས་འདས་པའི་འདས་འཇུག་ལ白事ཟེར་བ་དང་ལས་ཀ་བྱས་ཀྱང་འབྲས་བུ་མ་ཐོན་པ་ལ白费事ཟེར་བ་ལྟ་བུའོ།
གསུམ་པ། སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་རྒྱ་བོད་ཡིག་སྒྱུར་གྱི་དོན་སྙིང་།
སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་ཡིག་སྒྱུར་ནི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པའི་ཐབས་ལམ་ཞིག་ཡིན་པ་མ་ཟད། དེར་དོན་སྙིང་ཟབ་མོ་ལྡན་ཡོད། ཐོག་མར། ཡིག་སྒྱུར་གྱིས་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བར་ཕན་པ་ཐོན་མོད། རིག་གནས་མི་འདྲ་བའི་དབར་ཧེ་བག་ཆེན་པོ་ཡོད་པས། ཧེ་བག་དེ་དག་གིས་རིག་གནས་དབར་གྱི་འབྲེལ་འདྲིས་དང་རྒྱུས་ལོན་ལ་འགོག་རྐྱེན་བཟོ་སྲིད། ཡིག་སྒྱུར་གྱིས་རིག་གནས་སྣ་ཚོགས་དབར་གྱི་བསམ་བློ་དང་རིན་ཐང་ལྟ་བ་རིག་གནས་མི་འདྲ་བའི་ཁྲོད་དུ་བརྒྱུད་སྤྲོད་བྱས་ཚེ་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་ཐུབ།
ཡིག་སྒྱུར་གྱིས་གོ་ལ་གཞི་གཅིག་ཅན་གྱི་འདུ་ཤེས་ཇེ་མཐོར་འགྲོ་བར་ཕན་པ་ཡོད་ཅིང་། གོ་ལ་གཞི་གཅིག་ཅན་གྱི་རྒྱབ་ལྗོངས་འོག་ཏུ་ཡིག་སྒྱུར་ནི་སྐད་ཆ་སྒྱུར་བའི་གོ་རིམ་ཙམ་མ་ཡིན་པར་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན། ཡིག་སྒྱུར་བརྒྱུད་མི་རྣམས་ཀྱིས་སྔར་ལས་གཏིང་ཟབ་པའི་སྒོ་ནས་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བའི་དབར་གྱི་འབྲེལ་བ་དང་སྤེལ་རེས་ལ་རྒྱུས་ལོན་ཐུབ་སྟེ་གོ་ལ་གཞི་གཅིག་ཅན་གྱི་འདུ་ཤེས་གྲུབ་ནས་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ།
ཡིག་སྒྱུར་གྱིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅིང་། སྨྱན་སྦྱོར་གསར་པའི་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཤེས་བྱ་དང་ལག་རྩལ་དེ་བས་མང་བ་མཉམ་སྤྱོད་དང་སྤེལ་རེས་བྱེད་ཐུབ་ཀྱི་ཡོད། ཡིག་སྒྱུར་ནི་ཤེས་བྱ་དང་ལག་རྩལ་སྤེལ་རེས་བྱེད་པའི་གནད་འགག་ཡིན། ཡིག་སྒྱུར་བརྒྱུད་མི་རྣམས་ཀྱིས་མགྱོགས་མྱུར་ངང་ཕུལ་བྱུང་གི་གསར་གཏོད་གྲུབ་འབྲས་རྒྱུས་ལོན་ཐུབ་ནས་ཚན་རྩལ་གསར་གཏོད་ལ་དེ་བས་མང་བའི་སྒུལ་ཤུགས་སྦྱིན་ཐུབ།
མདོར་ན། སྨྱན་སྦྱོར་གསར་པའི་ཁོར་ཡུག་ཏུ་ཡིག་སྒྱུར་ནི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་སྟངས་ཤིག་ཡིན་པ་མ་ཟད། རིག་གནས་སྤེལ་རེས་དང་། ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས། ཚན་རྩལ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཤིག་དེ་བས་ཀྱང་ཡིན། འབྱུང་འགྱུར་གྱི་འཕེལ་རྒྱས་ཁྲོད་ཡིག་སྒྱུར་གྱིས་དེ་བས་གལ་འགངས་ཆེ་བའི་ནུས་པ་ཐོན་ཐུབ་ངེས་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་དཀོན་མཆོག་སྒྲོལ་མས)
འབྲེལ་ཡོད་གསར་འགྱུར།