དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཅོང་བརྡ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2025-11-02

    གཅིག

    བེའུ་ཡི་སྐེ་ལ་བཏགས་པའི་ཨེར་ཁ་དེ་ཏིང་ཏིང་སྐད་སྒྲ་སྙན་མོའི་ཅོང་ཡིན་ནམ། ག་ལ་ཡིན། དེ་ནི་འདོད་འཇོའི་བ་དང་བེའུ་ཡི་ལམ་ལ་འགྲོ་དུས་ཀྱི་ལམ་རོགས་དང་། ཟས་ལ་རོལ་དུས་ཀྱི་སྡོད་རོགས་རེད། རྟ་དྲེལ་གྱི་སྐེ་ལ་བཏགས་པའི་ཙིང་ཙིང་དབྱངས་ཀྱི་དྲིལ་བུ་དེ་རྨོངས་མུན་གཉིད་ལས་དཀྲོག་བྱེད་ཀྱི་ཅོང་ཡིན་ནམ། ག་ལ་ཡིན་ཏེ། དེ་ནི་འགྲོས་ཆེན་རྟ་ཕོ་དང་སྨུག་ཆུང་དྲེལ་སོགས་ཀྱིས་ཡངས་པའི་ས་གཞི་སྐོར་དུས་ཁེར་སྣང་འཇོམས་པའི་རོལ་མོ་དང་། མཐོན་པོའི་ལ་མོ་རྒྱག་དུས་ངལ་དུབ་སེལ་བའི་སྡོང་གྲོགས་རེད། གཡག་རྒན་གྱི་སྐེ་ནས་གྲགས་པའི་ཏུང་ཏུང་དྲིལ་ཆེན་དེ་ཅོང་ཡིན་ནམ། མ་ལགས་ཏེ། དེ་ནི་གངས་ལྗོངས་གཡང་ནོར་གྱིས་མཚན་ལམ་རིང་མོ་འགྲིམ་དུས་སྙིང་རུས་དང་སྟོབས་ཤུགས་འཕེལ་བྱེད་ཀྱི་དབྱངས་རྟ་དང་། བདེ་མོའི་སྤང་རྩྭར་རོལ་དུས་ཀྱི་རྒྱན་ཆ་རེད།

    གཉིས།

    འོ་ན་ཅོང་ནི་ཅི་ཞིག་རེད། དེ་ནི་བརྡུངས་ན་སྒྲ་འབྱིན་པའི་ལྕགས་རིགས་ལས་གྲུབ་པའི་རོལ་ཆས་ཁོག་སྟོང་ཞིག་དང་། ལེ་ལོ་གཉིད་ལས་དཀྲོག་པའི་དབྱངས་རྟ་ཞིག་སྟེ། དེས་མི་སེམས་ལ་དྲན་སྐུལ་བྱེད་ཅིང་། དེ་ལས་གྲགས་པའི་སྒྲ་ལ་ཅོང་བརྡ་ཟེར། མི་སེམས་ནི་རྙོག་འཛིང་ཆེ་ཞིང་བསམ་རྒྱུ་མང་ལ་དྲན་རྒྱུ་རྒོད་པས། དུས་དང་རྣམ་པ་ཀུན་ཏུ་ཅོང་བརྡ་བཏང་ནས་དྲན་སྐུལ་ཡང་ཡང་བྱེད་དགོས། དྲང་པོའི་གཏམ་དང་། བདེན་པའི་ལམ། དེ་བཞིན་བརྩོན་པ་འབད་འབུངས་ཀྱི་གནས་ལ་སྐུལ་བར་དྲན་བརྡའམ་དྲན་སྐུལ་དང་། དམག་འཁྲུག་མུ་གེ་དང་། མི་བསད་ཁྲག་འཆོར། རྐུ་འཕྲོག་ཇག་བཅོམ། གཡོ་ཁྲམ་དང་གནག་སེམས་གནོད་སེམས་ལས་གཡོལ་བར་སྐུལ་བའི་བརྡ་ལ་ཉེན་བརྡ་ཟེར།

    གསུམ།

    ཤ་ཁྲག་གི་ལུས་པོ་ལས་གྲུབ་པའི་ང་ཚོར། ལྕགས་རིགས་ལས་གྲུབ་པ་མིན་པར་སྣང་བ་འདུ་ཤེས་ལས་གྲུབ་པའི་ཅོང་ཞིག་ཡོད་དེ། དེའི་མིང་ལ་དྲང་བདེན་ནམ་ཡང་ན་རྒྱུ་འབྲས་ཞེས་བྱའོ། དེས་དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་མིའི་བྱ་སྤྱོད་དེ། འགྲོ་བའི་ལམ་དང་སྡོད་པའི་གནས། བསམ་པའི་དོན་དང་སྒྲུབ་པའི་ལས། བཟའ་བྱའི་ལྟོ་དང་སྐོམ་སེལ་སྐྱེམས་སོགས། གང་དང་གང་གི་དུས་ལ་ཡང་དྲན་སྐུལ་གསལ་འདེབས་དང་། ཐ་ན་ཉེན་བརྡ་བཏང་དང་གཏོང་མུས་ཡིན། དེས་ང་ཚོ་སྨག་རུམ་ལས་གཡོལ་ཏེ་འོད་སྣང་ཕྱོགས་སུ་སྐྱོད་པ་དང་། འཚོ་བའི་གཡང་ས་དང་ལོག་ལམ་ལས་བྲལ་ཏེ་བདེན་ལམ་དུ་སྐྱོད་པར་དྲན་སྐུལ་བྱེད་བཞིན་ཡོད།

    བཞི།

    མི་ཡུལ་འདི་ཡངས་ཤིང་རྒྱ་ཆེ་བས་ལྟད་མོ་སྣ་ཚོགས་མཐོང་སྲིད། མི་སེམས་ནི་རྙོག་འཛིང་ཆེ་བས། བསམ་བློ་དང་དྲན་རྒྱུ་ཅི་ཡང་ཡོང་སྲིད་པས། དེའི་སྐབས་ལ། རང་གིས་རང་ལ་ཅོང་བརྡ་གཏོང་རྒྱུ་མ་བརྗེད་ཅིག ཁྲ་ཁྲ་ཆིལ་་ཆིལ་གྱི་ལྟད་མོ་སྣ་ཚོགས་དང་། མངར་མངར་ཞིམ་ཞིམ་གྱི་མི་ཡུལ་གྱི་ཟ་འཐུང་སྣ་ཚོགས་ལ་གཡེང་དུས། སྐབས་འཕྲལ་གྱི་བདེ་བས་ན་གཞོན་གྱི་ལང་ཚོ་བཅོམ་ཞིང་། འབྱུང་འགྱུར་གྱི་ཕུགས་འདུན་བརླགས་ངེས་པས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་དྲན་སྐུལ་གྱི་ཅོང་བརྡ་ཞིག་བཏང་སྟེ། བརྩོན་འགྲུས་ཀྱི་སྐྱ་བ་གྲོགས་སུ་བཀུག་ནས་འཚོ་བའི་རྒྱ་མཚོ་འགྲོལ་ཐུབ་པར་བྱས་ཚེ། རིན་ཐང་གཞལ་བར་དཀའ་བའི་རིན་ཆེན་གྱི་ནོར་བུ་མང་པོས། མཐའ་ཡས་རྒྱ་མཚོ་ཆེན་པོའི་ཕ་མཐའ་ནས། ཁྱེད་ལ་གཡབ་མོ་བྱེད་ངེས།

    ལྔ།

    ཁེ་གྱོང་འགྲན་རྩོད་ཀྱི་འདུ་ལོང་རྒོད་པའི་མི་ཡུལ་འདི་རུ། སེར་སྣ་གཡོ་སྒྱུ་དང་གནག་སེམས་གནོད་སེམས་སོགས་མི་རུང་བའི་བསམ་ངན་ཡིད་ངོར་འཆར་དུས། ལས་འབྲས་ཀྱི་ཅོང་དེས་རང་སེམས་ལ་ཉེན་བརྡ་ཞིག་བཏང་ནས། བྱམས་དང་རྣམ་དག་བརྩེ་བས་དྲང་པོའི་ལས་ལ་འབད་ཚེ། ལྷག་བསམ་གྱི་ས་བོན་ལ་འབྲས་བཟང་སྨིན་ངེས་པ་མ་ཟད། ཁྱེད་ཀྱི་ཡིད་ཀྱི་ལྷ་ལམ་ཡངས་མོའི་མཐོངས་སུ་དཀར་གསལ་ཟླ་འོད་གསལ་ལེར་འཆར་སྲིད། དེས་ན། སེམས་ཀྱི་ཅོང་བརྡ་ནི། ལམ་བར་གྱི་མུན་པ་སེལ་མཁན་དང་རང་སེམས་གསོ་བའི་སྒྲོན་མེ་སྟེ། ཁྱེད་ཀྱི་མི་ཚེར་ལམ་སྟོན་གནང་མཁན་གྱི་དེད་དཔོན་དེའོ།

    དྲུག

    འཚོ་བའི་གྲུ་ཟུར་གང་སར། དཀའ་སྤྱད་ཀྱི་རྔུལ་ཆུ་དང་། བཏང་སྙོམས་མིན་པའི་གནས་ཚུལ་ཅི་ཞིག་དང་འཕྲད་རུང་། རང་ལ་བཅངས་པའི་ཡིད་ཆེས་དང་རང་གི་ལྷག་བསམ་དཀར་པོར་འགྱུར་བ་མེད་པ་དང་། རང་སེམས་རང་བཤེར་གྱིས་རང་ཉེས་ལ་འགྱོད་བཤགས་བྱེད་པ། རང་ལུས་ལ་དཔེ་བླངས་ཏེ་གཞན་ལ་འཁོན་འཛིན་མི་བྱེད་པ། གཡོ་དང་ཁྲམ་པའི་རྒྱ་རུ་མ་ཚུད་ཅིང། ཇ་ལན་ཆུ་འཇལ་གྱིས་ངན་པའི་གདོང་མ་བསུས་པར། རྟག་ཏུ་རང་གིས་རང་ལ་དྲན་སྐུལ་གྱི་ཅོང་བརྡ་བཏང་ཚེ། ད་གཟོད་གཞན་སེམས་ཉི་མའི་འོད་ཟེར་སྤྲིན་གྱིས་སྒྲིབ་མི་སྲིད་ལ། རང་སེམས་དུང་ཟླ་དཀར་པོ་མུན་པས་འཇོམས་མི་ནུས་སོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།