འོད་སྣང་འདྲེན་པའི་སྐྱ་རེངས།
ཐོགས་རེག་བཀག་ཙམ་མེད་པའི་རྒྱ་ཁྱོན་དུ། །
ཉི་མ་ཟླ་བའི་དཀྱིལ་འཁོར་གསལ་ན་ཡང་། །
ཐོས་བསམ་སྒྲོན་མེ་མེད་པའི་བློ་དམན་པ། །
ཤེས་མུན་འོབས་ཀྱི་ཕུ་ཐག་ག་ལ་ཆོད། །
གནའ་གཞུང་ཞིང་ཐང་རྐྱལ་གྱིས་མ་ཆོད་ཅིང་། །
གསར་གཏོད་བློ་གྲོས་མཐེབ་ཀྱིས་མ་ནོན་པར། །
ཆུ་བསྲུབས་མར་གསར་འདོད་པའི་འདུན་པ་ལ། །
སྟོབས་བཅུའི་བདག་པོ་ཡིན་ཡང་ཅི་བྱར་ཡོད། །
པད་མའི་རྫིང་བུས་འཁོར་ལོའི་ལག་པ་སྟེ། །
མདོངས་མཐའ་ཅན་ལ་དབྱར་སྐྱེས་ཆུ་འཛིན་རྔས། །
ཚིམས་པར་བྱས་སོ་གཟུར་གནས་དོན་མཐུན་དག །
ལེགས་བཤད་རིན་ཆེན་གཏམ་གྱི་ལྗོན་པས་སོ། །
ཤེས་བྱའི་མཐོང་ཁྱབ་སྐར་མའི་འཁོར་ལོ་སྟེ། །
པོ་ཏིའི་བརྩེཊ་པ་ཉི་ཟླའི་མཚམས་སུ་སླེབས། །
བསྟན་བཅོས་གླེགས་བམ་སྟོང་གི་ནང་རིམ་དུ། །
བླང་དོར་འཇུག་ལྡོག་ཡོད་རྒུ་ཁྱབ་ཅིང་གདལ། །
གཏི་མུག་གཉིད་དང་ལེ་ལོར་མ་གཡེངས་ཤིང་། །
གསལ་རིག་དབང་པོའི་ནུས་པ་མ་ཉམས་པར། །
བརྩོན་འགྲུས་ཐང་ལྷོད་མེད་པའི་མི་རྣམས་ལ། །
ལམ་སྟོན་དཔེ་ཀློག་ཕྱོགས་སྟོན་འཁོར་ལོ་ཡིན། །
སྣང་བས་དེད་པ་རྨོངས་པ་མུན་པ་ཡིན། །
ཚ་བའི་སྟོབས་ཀྱིས་གྲང་བའི་རེག་བྱ་འཇོམས། །
ཉོན་མོངས་སྒྲོག་གིས་བཅིངས་པའི་དྲ་བ་ཉིད། །
ཐོས་མང་ཤེས་རབ་རལ་གྲིས་དུམ་བུར་གཏུབས། །
བཙན་གཉོམ་དྲག་པོས་འཕྲོག་བཟོ་མེད་པ་དང་། །
གསེར་དངུལ་ནོར་གྱིས་ཉོ་བཟོ་མ་མཆིས་པ། །
དབང་ཆེན་དཔོན་དང་ཉམ་ཆུང་ཁྱད་མེད་དུ། །
དཔེ་ཀློག་འོད་སྣང་འདྲེན་པའི་སྐྱ་རེངས་ཡིན། །
ཤེས་བྱའི་རྒྱ་མཚོར་འཇུག་པའི་གཡོར་གྲུ་དང་། །
ལེགས་ཉེས་བླང་དོར་འབྱེད་པའི་གཉེན་གྱི་མཆོག །
ཤེས་རབ་ཉིད་དོ་ཕྱི་སྣོད་ནང་བཅུད་ཀྱི། །
མ་རིག་རྒུད་པའི་གཡུལ་གྱི་སྤྱི་ནོར་ཡིན། །
དཔེ་ཀློག་ཐོས་བསམ་བྱ་བར་གཞོལ་དུས་སུ། །
ཉི་ཚེའི་བདེ་བ་ཐམས་ཅད་རྒྱང་དུ་དོར། །
ཤེས་རིག་ནོར་བུ་ལག་ཏུ་ལོན་དུས་སུ། །
མི་ཚེའི་རྒྱན་ཆ་ཡོད་རྒུ་ཁྱེད་ལ་དབང་། །
འབྲེལ་ཡོད་གསར་འགྱུར།