བྱང་ཚད་སློབ་གསོ་དར་སྤེལ་བཏང་སྟེ་སློབ་གསོ་དེང་རབས་ལ་ཁ་ཕྱོགས་པའི་སྐོར་གྱི་བསམ་གཞིག་ཐན་ཐུན།
གླེང་གཞི།
སློབ་གསོ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་བསྒྱུར་བཅོས་དང་། གོང་འཕེལ་གཏོང་རྒྱུ་ནི། སློབ་གསོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཡིན། རྒྱུན་སྲོལ་ཡིག་རྒྱུགས་ལྟེ་བར་འཛིན་པའི་སློབ་གསོའི་སྒྲིག་གཞི་དང་། ལྟ་བ། དོ་དམ་ལམ་ལུགས། སློབ་ཁྲིད་ཀྱི་རྣམ་པ་སོགས་ལ་ཕྱོགས་ཡོངས་ནས་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་བྱས་ཏེ། སློབ་མའི་གསར་བསྐྲུན་གསར་གཏོད་ཀྱི་ནུས་པ་དང་། ཀུན་སྤྱོད་སློབ་གསོའི་འཛུགས་སྐྱོང་། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་ཤུགས་སྣོན་གྱིས་སློབ་གསོ་དེང་རབས་ལ་ཁ་ཕྱོགས་པ་དང་། མི་དམངས་ཀྱིས་འདོད་བློ་ཁེངས་པའི་སློབ་གསོ་གཉེར་ཐུབ་པ་དགོས།
དང་པོ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི།
སློབ་གསོ་ནི་རྒྱུན་ཆད་མེད་པར་གོང་འཕེལ་གྱི་རྒྱུན་མཐུད་རང་བཞིན་ལྡན་དགོས་པ་དང་། སློབ་གསོས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་སྣའི་དགོས་མཁོ་གང་ལེགས་སྐོང་ཐུབ་ཆེད། སློབ་གསོའི་སྒྲིག་གཞི་དང་། ལམ་ལུགས། དོ་དམ་གྱི་རྣམ་པ། དཔྱད་འཇོག་གི་ལམ་ལུགས་བཅས་ལ་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་དང་བསྒྱུར་བཅོས་བྱེད་རྒྱུ་ནི་སློབ་གསོའི་རྒྱུན་རིང་གི་ཁ་ཕྱོགས་དང་དམིགས་ཚད་འབའ་ཞིག་ཏུ་གྱུར་ཡོད།
དེ་ཡང་དཔལ་འབྱོར་གོང་འཕེལ་འགྲོ་མྱུར་བ་དང་། གོ་ལ་ཧྲིལ་པོ་ཁྱིམ་གཅིག་ལྟར་ཆ་འཕྲིན་ཅན་དུ་གྱུར་བའི་ཤེས་རིག་དཔལ་འབྱོར་གྱི་དུས་རབས་འདིར། མི་ཚོའི་ལྟ་བ་དང་། བྱེད་ཐབས། ཤེས་རིག་གི་གྲུབ་ཆ་སྤོ་འགྱུར་མྱུར་བས། དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་འཛུགས་བསྐྲུན་གྱི་བྱ་གཞག་མཐའ་དག་གི་འགག་གནད་ནི་ཤེས་ལྡན་མི་སྣ་ལ་ཐུག་ཡོད་ལ། ཤེས་ལྡན་མི་སྣ་ཇི་འདྲ་ཞིག་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་དཔལ་འབྱོར་འཛུགས་བསྐྲུན་ཡང་དེ་ལྟ་བུའི་རྣམ་པ་ཞིག་ཏུ་གྱུར་བས། དེས་ན་ང་ཚོའི་སློབ་གྲྭའི་སློབ་གསོས་སྤྱི་ཚོགས་ལ་མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་ནི་བསམ་གཞིགས་ཀྱི་གནད་དུ་གྱུར་ཡོད་ལ། རྒྱལ་ཁབ་ཕན་ཚུན་དང་། ས་ཁུལ་ཕན་ཚུན། ཐ་ན་ཁེ་ལས་དབར་གྱི་འགྲན་རྩོད་དེ་ཤེས་ལྡན་མི་སྣའི་འགྲན་རྩོད་ལ་རག་ལུས་ཡོད། དེར་རྟེན་རང་རྒྱལ་གྱིས་ལོ་རབས་བརྒྱད་ཅུ་པ་ནས་བཟུང་མིག་རྒྱང་རིང་པོས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུ་དེ་འོས་འགན་སློབ་གསོའི་བཅའ་ཁྲིམས་སུ་གཏན་འབེབས་ཀྱིས་བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུར་ཁྲིམས་ལུགས་ཀྱི་འགན་སྲུང་ཡོད་པ་ཞིག་ཏུ་གྱུར་ཡོད་པས། བྱང་ཚད་སློབ་གསོའི་འབོད་ཚིག་དེ་སྔ་ས་ནས་ང་ཚོའི་སློབ་གསོའི་ཁྱབ་ཁོངས་ཁག་ཏུ་གྲགས་ཆེན་པོ་བྱུང་མོད། འོན་ཀྱང་དོན་དངོས་ཀྱི་ལག་ལེན་ཁྲོད་དུ་སྔར་བཞིན་བྱང་ཚད་སློབ་གསོའི་གོམ་ཁ་དལ་བ་དང་། དོན་དངོས་ཀྱི་ལག་ལེན་ཁྲོད་སྔར་བཞིན་དཀའ་གནད་མི་ཉུང་བ་ཞིག་འཕྲད་བཞིན་ཡོད། དེ་ནི་གཅིག་ནས་བྱང་ཚད་སློབ་གསོའི་དོན་སྙིང་ལ་གོ་བ་གསལ་པོ་མ་ལོན་པ་དང་། གཉིས་ནས་བྱང་ཚད་སློབ་གསོ་དར་སྤེལ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་རྟོགས་མ་ཐུབ་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
སློབ་གསོའི་དོ་དམ་ཚན་པའི་འགོ་འཁྲིད་ནས་སློབ་གསོའི་འཐབ་ས་དང་པོའི་ཐོག་ཕྱག་ལས་གནང་བཞིན་པའི་སློབ་ཁྲིད་པ་སྟེ། སློབ་གསོའི་ལས་དོན་པ་མི་རེ་ངོ་རེའི་ངོས་ནས་མཚོན་ན། སློབ་གསོ་ནི་སློབ་གསོའི་ཆེད་དུ་སློབ་གསོ་གཉེར་བ་མ་ཡིན་པར། སྤྱི་ཚོགས་ཀྱི་ཆེད་དུ་སློབ་གསོ་གཉེར་བ་ཡིན་ལ། ང་ཚོའི་སློབ་གསོ་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་བསྟེན་དགོས་པ་དང་། སླར་སྤྱི་ཚོགས་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པས། སློབ་གསོ་ནི་སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་པ་དང་། སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འཛུགས་བསྐྲུན་བྱ་གཞག་ཁག་ལ་ཞབས་ཞུ་སྒྲུབ་པའི་ཞབས་ཞུ་འདུ་ཤེས་ཤིག་ཆགས་པ་བྱེད་དགོས་པ་དང་། དེ་ལྟར་བྱུང་ན་སློབ་གསོའི་གཉེར་ཕྱོགས་ལ་ཁ་ཕྱོགས་གསལ་པོ་དང་དམིགས་ཡུལ་གསལ་རྟོགས་ཐུབ་པ་དང་། སློབ་གསོའི་ཞབས་ཞུའི་འདུ་ཤེས་དེ་སློབ་གསོའི་ལམ་ལུགས་དང་། ཐ་ན་སློབ་ཁང་གི་སློབ་ཁྲིད་བར་གྱི་ལྷུ་ཚིགས་ཚང་མར་རྒྱུན་གཅིག་ཏུ་ཆགས་ཐུབ་པ་བྱུང་ན། སྤྱི་ཚོགས་ལ་ཤེས་ལྡན་མི་སྣ་གང་འདྲ་ཞིག་མཁོ་བའི་དགོས་མཁོ་བཞིན། ང་ཚོའི་སློབ་གསོའི་གཉེར་ཕྱོགས་དེ་ཡང་འགུལ་མེད་རང་སོར་གནས་པ་དང་། རང་སར་རྡོག་སྒྲ་སྒྲིག་པ་མིན་པར་གསོན་ཤུགས་ལྡན་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་སྒོ་ནས་གོང་འཕེལ་འགྲོ་ཐུབ་པ་དང་། སློབ་གསོའི་ཤེས་ལྡན་མི་སྣའི་གསོ་སྐྱོང་གི་ཁ་ཕྱོགས་ཀྱང་གསལ་པོ་མངོན་ཐུབ་པས། ང་ཚོས་སློབ་གསོའི་ཞབས་ཞུའི་འདུ་ཤེས་ཆགས་པའི་རྨང་གཞིའི་སྟེང་དུ་ངེས་པར་དུ་སློབ་གསོ་དུས་བསྟུན་འཕེལ་རྒྱས་གཏོང་རྒྱུའི་ལྟ་བ་ལ་ངོས་འཛིན་གསལ་པོ་ཆགས་པ་བྱ་རྒྱུ་ནི་ཞབས་ཞུ་ལེགས་པོ་སྒྲུབ་ཐུབ་པའི་འགན་ལེན་ཡིན། དེས་ན་སློབ་གསོ་དུས་བསྟུན་འཕེལ་རྒྱས་ཀྱི་ལྟ་བ་ནི་སློབ་གསོའི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་རྟོགས་ཐུབ་པའི་རྨང་གཞི་ཡིན། གལ་ཏེ་སློབ་གསོའི་ལས་དོན་པ་ཞིག་ལ་མཚོན་ན། སློབ་གསོའི་དུས་བསྟུན་འཕེལ་རྒྱས་ཀྱི་ལྟ་བ་ཞིག་མེད་ཚེ། སློབ་གསོའི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་རྟོགས་ཐུབ་མི་སྲིད་ལ། སློབ་གསོའི་འཕེལ་རྒྱས་ཀྱི་ལྟ་བ་ཞིག་ཀྱང་ཆགས་མི་ཐུབ་པ་དང་། དེ་བས་མི་དམངས་ཀྱིས་འདོད་བློ་ཁེངས་པའི་སློབ་གསོ་གཉེར་མི་ཐུབ། དཔེར་ན། རྒྱུན་སྲོལ་ཡིག་རྒྱུགས་ལམ་ལུགས་ཀྱི་སློབ་གསོ་ནས་བྱང་ཚད་སློབ་གསོའི་ཕྱོགས་སུ་ཐོད་བརྒལ་བྱེད་པའི་བརྒྱུད་རིམ་ནང་། གལ་ཏེ་སློབ་གསོའི་དུས་བསྟུན་འཕེལ་རྒྱས་ཀྱི་ལྟ་བ་དང་། སློབ་གསོའི་ཞབས་ཞུའི་འདུ་ཤེས་མེད་ཚེ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་རྟོགས་མི་ཐུབ་སྟེ། དེ་ཡང་ཡིག་རྒྱུགས་ལམ་ལུགས་ཀྱི་རྒྱུན་སྲོལ་སློབ་གསོའི་རྒྱབ་ལྗོངས་ནི་འཆར་གཞིའི་དཔལ་འབྱོར་གྱི་དུས་རིམ་ཡིན་པ་དང་། ཤེས་ལྡན་མི་སྣ་དཀོན་པའི་སྟོང་ཆ་དེ་སྐོང་བའི་དགོས་མཁོ་དང་བསྟུན་པ་དང་། བྱང་ཚད་སློབ་གསོ་ནི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས། སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་ཕྱོགས་སུ་ཁ་ཕྱོགས་པའི་རྒྱབ་ལྗོངས་འོག སྤྱི་ཚོགས་ཀྱི་ཤེས་ལྡན་མི་སྣའི་རེ་བ་ཇེ་མཐོར་སོང་བ་དང་། དེ་བས་ཀྱང་ཆ་འཕྲིན་གོ་ལ་ཅན་དུ་གྱུར་བའི་དུས་རིམ་དེར་བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུ་ནི་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་གདམ་ག་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཏུ་གྱུར་ཡོད་པས། དེས་ན་སློབ་གསོའི་ལས་དོན་པ་ཚང་མས་སློབ་གསོའི་ཞབས་ཞུའི་འདུ་ཤེས་དང་། དུས་བསྟུན་འཕེལ་རྒྱས་ཀྱི་ལྟ་བ་ལ་རྟེན་ནས་བྱང་ཚད་སློབ་གསོ་དར་སྤེལ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་རྟོགས་ཐུབ་ཚེ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུ་དེ་འབོད་ཚིག་ཙམ་དང་། ལྷམ་གསར་པ་གྱོན་ནས་ལམ་རྙིང་པར་འགྲོ་བ་ལས་དངོས་ཐོག་བདེན་འཚོལ་གྱིས་བྱང་ཚད་སློབ་གསོ་དར་སྤེལ་གྱི་བརྗིད་ཆེའི་ལམ་དུ་བསྐྱོད་ཐུབ།
གཉིས་པ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བར་དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་གསར་སྒྱུར་བྱེད་དགོས།
དེ་ཡང་ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག་པ་དང་། སློབ་གསོའི་ཇུས་ཆེན་ནི་དགེ་རྒན་དཔུང་ཁག་ལ་ཐུག་ཡོད། དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་དང་། ཆེད་ལས་ཀྱི་བྱང་ཚད་ནི་བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་རྩ་བའི་འགན་ལེན་ཡིན་ལ། དེ་བས་དགེ་རྒན་དཔུང་ཁག་ནི་བྱང་ཚད་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་མདུན་མར་ལག་ལེན་བྱེད་པོ་ཡང་ཡིན་པས། དགེ་རྒན་གྱི་དཔུང་ཁག་གང་འདྲ་ཞིག་ཡོད་པ་ནི། སློབ་གསོ་ཡང་དེ་འདྲ་ཞིག་ཏུ་གཉེར་བ་དང་། དེ་མཚུངས་ཀྱི་ཤེས་ལྡན་མི་སྣ་ཡང་ཐོན་སྲིད། དེར་རྟེན་དགེ་རྒན་དཔུང་ཁག་ནི་བྱང་ཚད་སློབ་གསོའི་སྣེ་ཁྲིད་པ་ལྟ་བུ་ཡིན་པ་དང་། དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་ནི་སློབ་གསོ་གང་འདྲ་ཞིག་གཉེར་མིན་གྱི་འགག་གནད་དུ་གྱུར་ཡོད། སློབ་གསོའི་ལྟ་བ་བསྒྱུར་བཅོས་གསར་བརྗེས་བྱེད་པ་ནི། ང་ཚོའི་ལོ་མང་གི་སློབ་གསོའི་བསྒྱུར་བཅོས་ཀྱི་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་ཁྲོད་སློབ་གསོ་སྔོན་བསྐྱོད་དང་། བྱང་ཚད་སློབ་གསོའི་ལམ་བུར་ཁ་ཕྱོགས་པའི་རྒྱབ་རྟེན་ལྟ་བུ་ཡིན། སློབ་གསོའི་ལྟ་བ་ནི་སློབ་གསོའི་མ་ལག་ཧྲིལ་པོ་དང་། བསླབ་ཚན་གསར་བསྒྱུར་ཐུབ་མིན་དང་། སློབ་ཁྲིད་ཀྱི་ཐབས་ལམ་སྣེ་མང་ཅན་དུ་གྱུར་མིན་གྱི་སྔོན་འགྲོའི་ཤུལ་ལམ་ལྟ་བུར་གྱུར་བ་ནི། མི་ཞིག་གི་བྱ་བྱེད་ཡོད་ཚད་དེའི་བསམ་པའི་སྐུལ་སྤྱོད་ལ་རྟེན་ནས་དེའི་རྗེས་སུ་འགྲོ་བ་ལྟ་བུ་རེད། རྒྱུ་མཚན་དེ་ཡི་ཕྱིར་སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པའམ་བྱང་ཚད་སློབ་གསོ་དར་སྤེལ་གཏོང་བ་ནི། ཐོག་མར་སློབ་ཁྲིད་དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་སྲོལ་རྒྱུན་གྱི་ཡིག་རྒྱུགས་གཙོར་བཟུང་གི་ལྟ་བ་ལས་སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བྱང་ཚད་སློབ་གསོའི་ལྟ་བ་གསར་སྒྱུར་བྱེད་པའི་བསམ་པའི་འགུལ་སྐྱོད་ཀྱི་སློབ་གསོའི་ལྟ་བ་གསར་སྒྱུར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ངོས་ནས་བརྗོད་ན། དངོས་པོའི་འཕེལ་རྒྱས་ནི་ཕྱི་རྐྱེན་དང་ནང་རྐྱེན་གྱི་འགལ་འདུའི་ཁྲོད་ནས་འཕེལ་རྒྱས་འགྲོ་བ་ཡིན་ལ། ནང་རྐྱེན་གྱི་ནུས་པ་གཙོར་འདོན་འོག་ཕྱི་རྐྱེན་གྱིས་རམ་འདེགས་ནུས་པ་འདོན་གྱི་ཡོད། དེར་རྟེན་ང་ཚོས་སློབ་གསོའི་ལྟ་བ་གསར་སྒྱུར་གྱི་ནང་རྐྱེན་དེའི་འགུལ་ཤུགས་འོག་གཞི་ནས་བྱང་ཚད་སློབ་གསོ་སློབ་གསོའི་དོན་དངོས་ཀྱི་བྱ་རིམ་ཁག་ནང་ལག་ལེན་ཐུབ་པའི་ཕྱི་རྐྱེན་ལ་སྐུལ་མ་ཐེབ་ནས་བྱང་ཚད་སློབ་གསོ་དེ་འབོད་ཚིག་ནས་དོན་དངོས་སུ་གྱུར་ཐུབ། དེས་དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་གསར་སྒྱུར་བྱེད་རྒྱུ་ནི། སློབ་གསོའི་བསྒྱུར་བཅོས་ཀྱི་སྣེ་སྟོན་པའི་ནུས་པ་ཐོན་ཐུབ། ཡང་ཅིག་བཤད་ན། བྱ་དངོས་མཐའ་དག་རྒྱུ་རྐྱེན་རྟེན་འབྲེལ་གྱི་འབྲེལ་བར་གྲུབ་པས། སྔོན་ལ་ལྟ་བ་གསར་སྒྱུར་གྱི་རྒྱུ་དེ་ལྟ་བུ་ཞིག་མེད་ན། སློབ་གསོ་དེང་རབས་ལ་ཁ་ཕྱོགས་མི་ཐུབ་པར་སྔར་བཞིན་རྒྱུན་སྲོལ་ཁོ་ནའི་ལམ་དུ་ལུས་སྲིད། འོན་ཀྱང་འདི་གར་སྨྲོས་དགོས་པར་སློབ་གསོའི་ལྟ་བ་གསར་སྒྱུར་ནི་རྒྱུན་སྲོལ་ཡོད་ཚད་དོར་ཏེ་གསར་པ་གསར་རྐྱང་གི་ལམ་དུ་ཕྱོགས་དགོས་ཟེར་བ་མིན་པར་སློབ་གསོའི་དུས་བསྟུན་འཕེལ་རྒྱས་ཀྱི་བལྟ་བའི་འོག་རྒྱུན་སྲོལ་ལེགས་ཆ་བསྡུ་ལེན་དང་ཚན་རིག་དང་མཐུན་པའི་སྒོ་ནས་བྱང་ཚད་སློབ་གསོའི་ལམ་དུ་ཕྱོགས་དགོས། དེར་རྟེན་དགེ་རྒན་གྱི་དཔུང་ཁག་ལ་མཚོན་ན་ལྟ་བ་གསར་སྒྱུར་བྱེད་ཕོད་པའི་སྙིང་སྟོབས་ཤིག་དང་། འགྲན་རྩོད་དང་གོ་སྐབས་ཀྱི་མདུན་དུ་ནམ་ཡང་མདུན་དུ་ཕྱོགས་པའི་བསྒྱུར་བཅོས་ཀྱི་སྙིང་སྟོབས་ཤིག་ཡོད་ཚེ་གཞི་ནས་ང་ཚོའི་སློབ་གསོ་དེང་རབས་ཅན་དུ་གྱུར་ཐུབ། དཔེར་ན། བློ་མཐུན་ཏིང་ཞའོ་ཧྥིན་གྱི་བསམ་ཕོད་པ་དང་བྱེད་ཕོད་པའི་སྙིང་སྟོབས་ཤིག་ལ་རྟེན་ནས། བསམ་བློར་བཅིངས་འགྲོལ་གྱིས་བསྒྱུར་བཅོས་སྒོ་དབྱེ་བྱས་པ་ལས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་སོང་ཡོད། དེར་རྟེན་ཀྲུའུ་ཞི་ཞིའི་ཅིན་ཕིན་གྱིས་བཏོན་གནང་བའི་ཀྲུང་གོ་སྟོབས་ཆེན་དུ་གྱུར་བའི་ཀྲུང་གོའི་རྨི་ལམ་མངོན་དུ་གྱུར་དགོས་ན། ང་ཚོའི་སློབ་གསོའི་གོམ་པ་མདུན་དུ་ཕྱོགས་ནས་སློབ་གསོ་འཕུར་བསྐྱོད་ཀྱི་རྨི་ལམ་མངོན་དུ་གྱུར་བ་བྱ་དགོས་པ་དང་། སློབ་གསོ་འཕུར་བསྐྱོད་ཀྱི་རྨི་ལམ་མངོན་དུ་གྱུར་བ་བྱ་རྒྱུ་ནི། ང་ཚོ་སློབ་གསོའི་ལས་དོན་པ་ཚང་མའི་སློབ་གསོའི་རྨི་ལམ་ཡིན་ལ། རྨི་ལམ་དེ་མངོན་དུ་གྱུར་བ་བྱ་རྒྱུ་དེ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་སྟོབས་ཆེན་དུ་གྱུར་བའི་རྨི་ལམ་མངོན་འགྱུར་དང་། ས་གནས་ཤིག་དང་། རྫོང་ཞིག་ཐ་ན་ང་ཚོ་གྲོང་གསེབ་ཀྱི་ཤང་གྲོང་ཞིག་འབྱོར་ཕྱུག་ཤེས་དཔལ་ལྡན་པའི་རྨི་ལམ་མངོན་དུ་གྱུར་བའི་སྔོན་འགྲོ་ཡིན། དེས་ན་ང་ཚོས་མི་དམངས་ཀྱིས་འདོད་བློ་ཁེངས་པའི་སློབ་གསོ་གཉེར་བ་དང་། སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པའི་སླད་དགེ་རྒན་དཔུང་ཁག་གི་སློབ་གསོའི་ལྟ་བ་གསར་སྒྱུར་བྱེད་དགོས།
གསུམ་པ། བྱང་ཚད་སློབ་གསོ་དང་རྒྱུན་སྲོལ་སློབ་གསོའི་དབར་གྱི་འགལ་བ་ཇི་ལྟར་སེལ་དགོས།
སློབ་གསོ་དེང་རབས་ལ་ཁ་ཕྱོགས་པ་ནི། སློབ་གསོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཡིན་ལ། དེ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་དང་། སློབ་གསོ་དེང་རབས་ལ་ཁ་ཕྱོགས་པ་ནི། དེང་རབས་ཅན་བཞི་མངོན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་དུ་གྲུབ། གལ་ཏེ་སློབ་གསོ་དེང་རབས་ལ་ཁ་ཕྱོགས་མ་ཐུབ་ཚེ། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་འཛུགས་སྐྱོང་ལ་དཀའ་ངལ་འཕྲད་སྲིད་པས། གོང་སྨྲོས་བཞིན་སློབ་གསོ་དེང་རབས་ལ་ཁ་ཕྱོགས་པའམ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུ་ནི། ལོ་རྒྱུས་ཀྱི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ། སློབ་གསོའི་སྒྲིག་གཞི་དང་ལམ་ལུགས་ཐད་ཀྱི་གདམ་ག་ཉག་ཅིག་ཡིན། བྱང་ཚད་སློབ་གསོ་ནི་རྒྱུན་རིང་གི་དམིགས་ཚད་ལྡན་ཞིང་། རྒྱང་རིང་གི་འཆར་གཞི་ལྡན་པའི་ལས་གྲ་ཞིག་ཡིན་པ་ལས་དུས་ཐུང་གི་ནང་བསྒྲུབ་དཀའ་བ་ཞིག་ཡིན། དེ་ཡང་ཆུ་ཤིང་བསྟན་བཅོས་ལས། བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ། ངང་ཐུང་འབད་པས་མཐར་མི་ཕྱིན། ཀླུང་ཆེན་དལ་ཡང་རིང་འགྲོ་ལ། རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། ཞེས་གསུངས་པ་ལྟར་རེད། དེར་རྟེན་བྱང་ཚད་སློབ་གསོ་དར་སྤེལ་གྱི་བརྒྱུད་རིམ་ཁྲོད་དུ་ངེས་པར་གཟབ་ནན་དང་ངང་སྒུག་ལྡན་དགོས་ཤིང་། མིག་རྒྱང་རིང་པོའི་སྒོ་ནས་འཕྲད་སྲིད་པའི་གནད་དོན་མཐའ་དག་ལ་གདོང་ལེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ནས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བ་བྱེད་དགོས། དེ་ཡང་ཇི་སྐད་དུ་སྤྱོད་འཇུག་ལས། གོམས་ནས་སླ་བར་མི་གྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལས་མ་འདས།
བྱང་ཚད་སློབ་གསོ་དར་སྤེལ་གྱི་བརྒྱུད་རིམ་ཁྲོད། རྒྱུན་སྲོལ་སློབ་གསོའི་ལམ་ལུགས་དང་འགལ་བ་མི་ཉུང་བ་ཞིག་འཕྲད་པ་དང་། དེ་ཡང་དང་པོ། བྱང་ཚད་སློབ་གསོ་དང་རྒྱུན་སྲོལ་སློབ་གསོའི་དབར་གྱི་ངོས་འཛིན་དང་བལྟ་བའི་སྟེང་གི་འགལ་བ་ཡིན། རྒྱུན་སྲོལ་སློབ་གསོའི་ཁྲོད་ཡིག་རྒྱུགས་ལྟེ་བར་འཛིན་པ་དང་། ཡིག་རྒྱུགས་ཀྱི་སྐར་གྲངས་ལ་བརྩོན་ལེན་བྱེད་པ་ལས། སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་གསོ་སྐྱོང་བྱ་རྒྱུར་ལྷོད་གཡེང་ཤོར་བ་དང་། སློབ་འབྲས་བཟང་བའི་སློབ་མ་ཉུང་ཤས་ལ་ཁ་ཕྱོགས་པའི་མངོན་གསལ་མིན་པའི་ཕྱོགས་རེ་བའི་རྣམ་པ་ལྡན་ཡོད། བྱང་ཚད་སློབ་གསོ་ནི་སློབ་མའི་གསར་བསྐྲུན་གསར་གཏོད་ཀྱི་ནུས་པ་དང་། སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་བོར་འཛིན་པ་དང་། མི་གཙོ་བོར་འཛིན་པའི་ངོས་འཛིན་ལ་རྟེན་ནས་སློབ་མ་མི་རེ་ངོ་རེའི་རང་རང་ཁྱད་འཕགས་ནུས་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དེར་རྟེན་ཐབས་ལམ་སྣེ་མང་ཅན་དང་། ཁྲིད་སྟོན་ཡང་དག་པ་བརྒྱུད་ནས་བྱང་ཚད་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་ཤེས་རྟོགས་གསལ་པོ་ཐུབ་པ་བྱ་དགོས་པ་དང་ཆབས་ཅིག་རྒྱུན་སྲོལ་སློབ་གསོའི་ལེགས་ཆར་ཁས་ལེན་བེད་སྤྱོད་ཀྱི་ལྟ་བ་ཡང་དག་པ་བཟུང་དགོས། གཉིས་པ་ནི། བྱང་ཚད་སློབ་གསོའི་ལམ་ལུགས་དང་རྒྱུན་སྲོལ་སློབ་གསོའི་ལམ་ལུགས་དབར་གྱི་འགལ་བ། དེ་ཡང་རྒྱུན་སྲོལ་སློབ་གསོ་ནི་བྱ་དགའ་ཆད་གཅོད་ཀྱི་གནོན་ཤུགས་འོག་ཏུ་དགེ་རྒན་དང་སློབ་མ་ཚང་མས་གཏན་འཁེལ་ཟིན་པའི་དམིགས་ཚད་ལ་བསྙེགས་དགོས་པ་དང་། བྱང་ཚད་སློབ་གསོ་ནི་དགེ་སློབ་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་གྱི་བསམ་པའི་སྐོང་འཐེན་གང་ཐུབ་བྱས་ཏེ། དགེ་རྒན་གྱི་སློབ་གསོ་སློབ་ཁྲིད། སློབ་མས་སློབ་སྦྱོང་བྱེད་པ་དེ་དད་ཞེན་ཅན་དང་། སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཏུ་གྱུར་བའི་ཁོར་ཡུག་ཞིག་འཛུགས་སྐྱོང་བྱེད་གང་ཐུབ་བྱེད་རྒྱུ་དེ་ཡིན། གསུམ་པ། དོན་དངོས་ཀྱི་སློབ་གསོ་སློབ་ཁྲིད་ཁྲོད། རྒྱུན་སྲོལ་སློབ་གསོ་ནི་དགེ་རྒན་གྱིས་སློབ་པ་དང་། སློབ་མས་སྦྱོང་བའི་རྣམ་པའི་ཆེས་ཁེར་རྐྱང་གི་སློབ་ཁྲིད་རྣམ་པ་དང་། སློབ་པའི་དམིགས་ཡུལ་ནི་ཡིག་རྒྱུགས་ལ་ཁ་གཏད་གཅོག་པ་ཁོ་ནའི་ཆེད་དུ་ཡིན་པས། སློབ་ཁྲིད་ཀྱི་རྣམ་པ་ཡང་སློབ་མའི་སློབ་ཁང་ཁྲོད་ཀྱི་གཙོ་བཟུང་གི་ནུས་པ་འདོན་མི་ཐུབ་པ་དང་། སློབ་མ་ནི་ནམ་ཡང་ལྟད་མོ་བའམ་ཉན་པ་པོ་ཡིན། བྱང་ཚད་སློབ་གསོའི་སློབ་ཁྲིད་ཀྱི་རྣམ་པ་ནི། སྣེ་མང་ཅན་དང་སློབ་མ་གཙོ་བཟུང་གི་ནུས་པ་འདོན་གང་ཐུབ་བྱས་ཏེ། སློབ་མ་ནི་སློབ་ཁང་སློབ་ཁྲིད་ཁྲོད་ཀྱི་མཉམ་བཞུགས་པ་དང་། གཙོ་འཁྲབ་པ་ལྟ་བུ་ཡིན་ལ། སློབ་མ་ཚོས་གནད་དོན་འདོན་པ། ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་པའི་ཁྲོད་གནད་དོན་ཐག་གཅོད་བྱེད་པ་ཡིན། མདོར་ན་བྱང་ཚད་སློབ་གསོ་དང་རྒྱུན་སྲོལ་སློབ་གསོའི་ཁྲོད་ཀྱི་འགལ་བ་མཐའ་དག་སེལ་གང་ཐུབ་བྱས་ཏེ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་ལམ་བུ་རྒྱ་ཆེར་གཏོད་དགོས།
བཞི་པ། ས་གནས་རང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བྱང་ཚད་སློབ་གསོའི་རིག་པའི་གཞུང་ལུགས་ཀྱི་མ་ལག་འཐུས་ཚང་ཡོང་བ་བྱ་རྒྱུ།
རིག་པའི་གཞུང་ལུགས་ནི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། རིག་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་གཞི་ནས་འཆར་གཞི་དང་གོ་རིམ་ལྡན་པ། ཚགས་ཚུད་པའི་སྒོ་ནས་བྱ་བ་གང་ཞིག་བདེ་བླག་ངང་དོན་དུ་གཉེར་ཐུབ་ལ། རིག་པའི་གཞུང་ལུགས་དང་དོན་དངོས་ལག་ལེན་གྱི་འབྲེལ་བ་ནི། དོན་དངོས་ལག་ལེན་གྱི་ཁྲོད་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་། ཞིབ་འཇུག་བལྟ་ཞིབ་བྱས་པ་ལས་རིག་པའི་གཞུང་ལུགས་ཀྱི་མ་ལག་ཅིག་གྲུབ་ལ། ཚད་དང་མཐུན་པའི་རིག་པའི་གཞུང་ལུགས་དེ་ལ་བསྟེན་ནས་དོན་དངོས་ལ་མཛུབ་སྟོན་བྱེད་ཀྱི་ཡོད། རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ནི་དོན་དངོས་ཡིན། དོན་དངོས་ཀྱི་ལག་ལེན་གྱི་རྒྱབ་རྟེན་མེད་པའི་གཞུང་ལུགས་ནི། ཁུང་མེད་གཏམ་འབའ་ཞིག་ལས་མ་འདས་ཤིང་། དེས་དོན་དངོས་ཀྱི་བྱ་གཞག་ལ་མཛུབ་སྟོན་ལེགས་པོ་ཞིག་བྱེད་མི་ཐུབ་པས། གཞུང་ལུགས་ནི་ངེས་པར་ལག་ལེན་དངོས་ཀྱི་འཚོལ་ཞིབ་དང་ཞུན་བརྡར་བརྒྱུད་ནས་ཡོང་བ་ཞིག་དང་། དེ་འདྲའི་གཞུང་ལུགས་ནི་འཐུས་སྒོ་འཚང་བའི་རིག་གཞུང་མ་ལག་ཞིག་ཏུ་གྲུབ་ཐུབ་ལ། དོན་དངོས་ལ་ཁ་ཕྱོགས་དང་། དམིགས་ཡུལ་ལྡན་པའི་སྒོ་ནས་ཁྲིད་སྟོན་བྱེད་ཐུབ། དོན་དངོས་ཀྱི་བྱ་གཞག་གང་ཞིག་གཉེར་ཡང་། ངེས་པར་དུ་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་ཁ་བྲལ་ཐབས་མེད་པ་ནི་ལེགས་གྲུབ་ཡོང་བའི་དན་རྟགས་ཤིག་ཡིན། བྱང་ཚད་སློབ་གསོ་དར་སྤེལ་གཏོང་དགོས་ན། ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་ཚེ། དམིགས་ཡུལ་མེད་པ་དང་ཁ་ཕྱོགས་མེད་པ་ཞིག་ཏུ་གྱུར་སྲིད། དེ་བས་ས་གནས་རང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བྱང་ཚད་སློབ་གསོའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཞིག་འཛུགས་སྐྱོང་ཐུབ་པ་བྱ་རྒྱུ་ནི། བྱང་ཚད་སློབ་གསོ་དར་སྤེལ་གཏོང་བའི་འགན་ལེན་ཡིན། ས་གནས་རང་ཁོངས་ཀྱི་ཁྱད་ཆོས་ལྡན་པ་ཞེས་བརྗོད་དགོས་དོན་ནི། ས་གནས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་མི་འདྲ་བ་དང་། མི་རྣམས་ཀྱི་སློབ་གསོའི་ལྟ་བ་མཐོ་དམའ་མི་འདྲ་བའི་དབང་གིས་ཡོངས་སུ་ས་གནས་གཞན་པའི་སློབ་གསོའི་ལམ་ལུགས་ལག་ལེན་བྱས་ཚེ། དེ་ནི་དོན་དངོས་དང་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་ཡིན། མེས་རྒྱལ་ནང་ས་དང་། རང་ལྗོངས་ཀྱི་སློབ་གསོའི་རྣམ་པ་དང་ཁྱད་ཆོས་མི་འདྲ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སོ་སོའི་དབར་ཧེ་བག་ཡོད་པ་དང་། དེ་བས་ཞིང་ཁུལ་དང་འབྲོག་ཁུལ་གྱི་སློབ་གསོའི་ཐད་ཀྱང་བར་ཁྱད་ཆེན་པོ་ཡོད་པ་ནི་ཁོ་བོའི་མྱོང་བས་གྲུབ་པས། དེར་རྟེན་གྲོང་ཁྱེར་དང་གྲོང་བརྡལ། ཞིང་ཁུལ་དང་འབྲོག་ཁུལ་གྱི་དོན་དངོས་ཀྱི་སློབ་གསོའི་ཁྱད་ཆོས་དང་བསྟུན་ཏེ། འཚོལ་ཞིབ་དང་། ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད་ནས་ཞིང་ཁུལ་གྱི་ཁྱད་ཆོས་དང་ལྡན་པའི་བྱང་ཚད་སློབ་གསོ་དང་། འབྲོག་ཁུལ་གྱི་ཁྱད་ཆོས་དང་ལྡན་པའི་བྱང་ཚད་སློབ་གསོའི་སྤེལ་ཐབས་འཚོལ་ཞིབ་དང་། དེའི་རིག་པའི་གཞུང་ལུགས་ཀྱི་མ་ལག་འཐུས་ཚང་ཞིག་འཛུགས་ཐུབ་པ་བྱས་ཏེ། བྱང་ཚད་སློབ་གསོ་དར་སྤེལ་གཏོང་རྒྱུར་ཁ་ཕྱོགས་ཡོད་པ་དང་། དམིགས་ཡུལ་ཡོད་པ་ཞིག་བྱ་དགོས། (གཞིས་ཀ་རྩེ་གྲོང་ཁྱེར་སློབ་ཆུང་གི་ཚེ་རིང་དོན་གྲུབ)
དཔྱད་གཞིའི་ཡིག་ཆ།
《སློབ་གསོ་གླེང་བའི་གཏམ།》 མི་རིགས་དཔེ་བསྐྲུན་ཁང་།
《དུས་རབས་ཉེར་གཅིག་པའི་བགྲོ་གླེང་།》 ཧྲང་ཧའེ་དཔེ་བསྐྲུན་ཚོགས་པ།
《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་》 ཤིན་ཧྭ་དྲ་བ།
འབྲེལ་ཡོད་གསར་འགྱུར།