དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལོང་བའི་རོལ་མོ་བ་ཟླ་བ་ཚེ་རིང་གིས།

    རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་ནས་ངོ་མཚར་གྱི་འཛམ་གླིང་ཞིག་མཐོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀྲང་ཁྲེང་།   |     སྤེལ་དུས།  2025-10-26

    འདི་ནི་ཕོ་བྲང་པོ་ཏ་ལའི་མདུན་དུ་བརྒྱབ་པའི་ཁ་བཏགས་དཀར་པོ་ལོང་བའི་རོལ་ཚོགས་ཀྱི་མཉམ་པར་ཡིན་པ།

    འདི་ནི་ཟླ་བ་ཚེ་རིང་གིས་རོལ་ཆ་ཡང་ཆིན་དཀྲོལ་སྟངས་སྦྱོང་བཞིན་པ།

    འདི་ནི་ཁ་བཏགས་དཀར་པོ་ལོང་བའི་རོལ་ཚོགས་ཀྱི་ཁོངས་མི་སྤེན་པ་དོན་གྲུབ(གཡོན་གྱི་དང་པོ)དང་། ཚེ་རིང་ཆོས་སྒྲོན(གཡོན་གྱི་གཉིས་པ) བསྟན་འཛིན་དངོས་གྲུབ(གཡས་ཀྱི་གསུམ་པ) ཟླ་ཆུང(གཡས་ཀྱི་གཉིས་པ) ཟླ་བ་ཚེ་རིང(གཡས་ཀྱི་དང་པོ)བཅས་དང་མཛུབ་ཁྲིད་དགེ་རྒན་འཆི་མེད་རྡོ་རྗེས(གཡོན་གྱི་གསུམ་པ)ནང་སྦྱོང་ཟིན་རྗེས་མཉམ་པར་རྒྱག་བཞིན་པ།

    འདི་ནི་ཟླ་བ་ཚེ་རིང(གཡོན་གྱི་དང་པོ)གིས་གཡབ་སྟེང་དུ་བུ་མོ་རྒན་པ་བསྟན་འཛིན་ཆོས་དབྱིངས་དང་བཟའ་ཟླ་བུམ་ཆུང་དང་ཁ་བརྡ་གློད་བཞིན་པ།

    ད་ལོ་ལོ་26ལ་སླེབས་པའི་ཟླ་བ་ཚེ་རིང་ནི་བོད་ཀྱི་ལོང་བའི་རོལ་ཚོགས“ཁ་བཏགས་དཀར་པོའི”རོལ་མོ་བ་ཨང་དང་པོ་དེ་རེད། ཆུང་དུས་ནས་ལོང་བར་གྱུར་ཡང་ཁོང་གིས་རོལ་དབྱངས་ལ་བརྟེན་ནས་འཛམ་གླིང་དང་གླེང་མོལ་བྱེད་པའི་སྦྲེལ་ཟམ་ཞིག་བསྐྲུན་ཏེ་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད་རང་ཉིད་ལ་དབང་བའི་གནམ་ས་ཞིག་མཐོང་ཐུབ་པར་བྱས།

    2009ལོར་ལོ་10ལ་སླེབས་པའི་ཟླ་བ་ཚེ་རིང་ལྷ་ས་བྱིས་པ་ལོང་བའི་སློབ་གྲྭར་སློབ་སྦྱོང་བྱེད་པར་ཡོང་ཞིང་། ཁོང་ནི་སློབ་སྦྱོང་ལ་འབད་བརྩོན་ཤིན་ཏུ་ཆེ་བ་དང་། ཁོང་གིས་རྒྱ་སྐད་དང་། བོད་སྐད། དབྱིན་སྐད་བཅས་ཆུ་རྒྱུག་རྒྱུག་ཤོད་ཐུབ་ཀྱི་ཡོད། 2014ལོར་ཟླ་བ་ཚེ་རིང་བྱིས་པ་ལོང་བའི་སློབ་གྲྭ་ནས་ཐོན་རྗེས་སློབ་གྲྭ་དཀྱུས་མར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད། 2019ལོར་ཁོང་ཁ་བཏགས་དཀར་པོའི་ལོང་བའི་རོལ་ཚོགས་ལ་ཞུགས་ནས་གླིང་བུ་དང་རོལ་ཆ་ཡང་ཆིན་སྦྱོང་འགོ་བཙུགས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་དཀྲོལ་རྒྱུར་གཞོལ།

    “ཁ་བཏགས་དཀར་པོ”རོལ་ཚོགས་2014ལོར་བཙུགས་པ་དང་། ཟླ་བ་ཚེ་རིང་གིས་གླིང་བུ་དང་རོལ་ཆ་ཡང་ཆིན་དཀྲོལ་བ་ཕུད། ད་དུང་ཚོགས་པའི་ཕྱི་འབྲེལ་གྱི་འགན་ཡང་འཁུར་གྱི་ཡོད་པ་དཔེར་ན། འཁྲབ་སྟོན་འབྲེལ་གཏུག་དང་། མཉམ་ལས་འབྲེལ་གཏུག འཁྲབ་སྟོན་བྱེད་ས་འབྲེལ་གཏུག་སོགས་དེ་དག་ཚང་མ་ཁོང་གིས་བྱང་ཆུབ་པོས་སྒྲུབ་ཐུབ་ཀྱི་ཡོད།

    ཚོགས་པའི་ནང་ནས་ཟླ་བ་ཚེ་རིང་ལ་བྱ་གཞག་གི་ཁ་ཕྱོགས་རྙེད་པ་མ་ཟད། ད་དུང་རང་ཉིད་ཀྱི་མི་ཚེའི་གཏན་གྲོགས་ཀྱང་འཕྲད། ཁོང་དང་ཚོགས་པ་འཛུགས་མཁན་ཟླ་ཆུང་གི་གཅུང་མོ་བུམ་ཆུང་གཉེན་སྒྲིག་བྱས་ཤིང་། ད་ཆ་ཁོང་ནི་ཕྲུ་གུ་གཉིས་ཀྱི་པ་ཕ་རེད། ཁོང་ཚོས་ཚོགས་པའི་ཁོངས་མི་གཞན་དག་དང་ནང་མི་དང་མཉམ་དུ་ལྷ་སའི་ཤར་འདབས་ཀྱི་སྒོ་ར་ཆུང་ཆུང་ཞིག་གླས་ནས་བསྡད་ཡོད། དེ་ག་ནི་ཁོང་ཚོའི་ཁྱིམ་ཡིན་ལ། རོལ་དབྱངས་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའི་ནང་སྦྱོང་བྱེད་སའང་རེད།

    “གལ་ཏེ་མིག་གིས་མ་མཐོང་བར་ཚེ་སྲོག་དོན་མེད་དུ་སྟོང་ཟད་བཏང་ཚེ་དེ་ནི་ཕམ་ཁ་ཆེ་ཤོས་ཡིན” དེ་ནི“ཁ་བཏགས་དཀར་པོའི”ཁོངས་མི་ཡོངས་ཀྱི་ཐུན་མོང་གི་དད་སེམས་ཤིག་རེད། ལོ་མང་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཁ་བཏགས་དཀར་པོ་ལོང་བའི་རོལ་ཚོགས་ལ་རིམ་བཞིན་ཁས་ལེན་ཐོབ་ཡོད། ལོ་ལྟར་དབྱར་ཁ་ཤར་རིམ་བཞིན་ཁོང་ཚོ་ཟླ་བ་གསུམ་ལྷག་ཙམ་རིང་གྲོང་ཚོ་དང་གྲོང་རྡལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་སྐྱོད་དགོས་པ་དང་མང་ཚོགས་ཀྱི་དགའ་བསུ་ཡང་ཆེན་པོ་ཐོབ་ཀྱི་ཡོད། “ང་ཚོས་ལོ་ལྟར་ས་གནས་ཁག་ཏུ་འཁྲབ་སྟོན་ལ་འགྲོ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ང་ཚོ་དང་འདྲ་བའི་མི་རྣམས་ལ་སྐུལ་ལྕག་བྱེད་ཀྱི་ཡོད”ཅེས་ཟླ་བ་ཚེ་རིང་གིས་བཤད།

    འཁྲབ་སྟོན་བྱེད་ཞོར་དུ་ཟླ་བ་ཚེ་རིང་དང་ཚོགས་པའི་ཁོངས་མིས་ལོང་བའི་དེབ་སྒྱུར་བའི་ལས་འགན་ཁུར་རིང་། ད་བར་བོད་ཡིག་གི་དེབ་བརྒྱ་ལྷག་ཙམ་ལོང་བའི་ཡི་གེར་བསྒྱུར་ཡོད། སྲིད་གཞུང་དང་སྤྱི་ཚོགས་ཀྱི་རོགས་རམ་འོག་ཁོང་ཚོས་ཀུང་སི་བཙུགས་ཏེ་སྤོས་དང་སུར་པན་དམར་འདུར་འཚོང་གི་ཡོད་པས། ས་གནས་དེ་གའི་ལོང་བའི་ཚོགས་སྤྱིའི་ལས་གཏོད་ཀྱི་དཔེ་མཚོན་དུ་གྱུར་ཡོད། འཁྲབ་སྟོན་མེད་པའི་སྐབས་སུ་ཁོང་གིས་སྔ་དྲོ་ཐོན་རྫས་འཚོང་བ་དང་། ཕྱི་དྲོ་བློ་རྩེ་གཅིག་སྒྲིམ་གྱིས་ནང་སྦྱོང་བྱེད་པ། དགོང་མོ་ཡང་ཕྲུ་གུར་ལྟ་རྟོག་བྱེད་ཀྱི་ཡོད་པས། འཚོ་བ་ཚ་སོབ་སོབ་ཅིག་སྐྱེལ་བཞིན་ཡོད།

    རོལ་དབྱངས་ཀྱིས་ཟླ་བ་ཚེ་རིང་ལ་ཡངས་པའི་གནམ་ས་ཞིག་བཏོད་ཡོད། ཁོང་གིས“ངས་རོལ་མོ་དཀྲོལ་སྐབས་གངས་རི་དང་མཚོ་མོ་དང་། རྒན་འཁོགས་དང་ལུག་ཁྱུ། བྱིས་པ་རྩེད་མཆོང་རྒྱག་པ་སོགས་ཀྱི་རྣམ་པ་མཐོང་གི་འདུག རོལ་དབྱངས་ཀྱིས་ང་ལ་ཕུགས་འདུན་གསར་པ་ཞིག་སྦྱིན་པ་སྟེ། རྗེས་སུ་ཆ་རྐྱེན་ལེགས་སུ་འགྲོ་དུས་རོལ་དབྱངས་ཀྱི་ཁྱད་ཆོས་ལྡན་པའི་བུ་བཅོལ་ཁང་ཞིག་བཙུགས་ནས་ཕྲུ་གུ་ཚོར་སློབ་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།