དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྟོན་གྱི་ཉམས་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཟླ་བ་ཚེ་རིང་།   |     སྤེལ་དུས།  2025-10-26

    སྟོན་ཁ་ནི་རི་མོ་མཁན་གྱི་པིར་རྩལ་ལས་འཁྲུངས་པའི་སྣུམ་ཚོན་རི་མོ་བཞིན་མཚར་སྡུག་རྣམ་པར་བཀྲ་བས། ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་སོང་། སྟོན་ཁ་ནི་དྲི་ཟའི་ལྷ་མོས་གྱེར་བའི་སྙན་དབྱངས་བཞིན། སྡོང་ལོ་སེར་པོ་ས་ལ་ཟགས་པའི་སྐད་སྒྲ་ཧ་ཅང་སྙན་པས། དེ་ནི་ངའི་ཐོས་འཛིན་དབང་པོའི་གསོས་སུ་གྱུར།

    རེག་བྱ་འཇམ་པའི་བསིལ་རླུང་དལ་བུར་ལྡང་སྐབས། ནོར་འཛིན་སྒེག་མོར་ངུར་སྨྲིག་གི་རྒྱན་གོས་ཡོངས་སུ་བཀླུབས་པ་དེ་ཡང་མཛེས། གཟིགས་དང་། སྟོན་དུས་ཀྱི་ཞིང་ཐང་གྲུ་བཞིའི་ནང་། གསེར་མདོག་གི་སྙེ་མའི་མགོ་ལྕོག་ཡང་ཡང་ལྡེམ་ཞིང་། སོ་ནམ་རྒན་པོའི་བཞིན་རས་ནས་སྟོན་གྱི་འབྲས་བཟང་སྨིན་པའི་འཛུམ་མདངས་ལྷུག་པོར་གྲོལ། རི་གྲོང་གི་ཤིང་འབྲས་སྡོང་པོར། དམར་མདངས་བཀྲ་བའི་ཀུ་ཤུ་དང་ཁམ་བུ་སོགས་འབྲས་བུའི་ཁུར་གྱིས་དུད་ཅིང་། སྲང་ལམ་དང་ཁྲོམ་གཞུང་གང་སར། ཤིང་ཏོག་སྣ་ཚོགས་ཚོང་གཉེར་བྱེད་པའི་རྣམ་པ་ལེགས།

    གསེར་མདོག་གི་རྩྭ་ཐང་ཡངས་པོ་ནས་ནོར་ལུག་ཤ་ཤེད་རྒྱས་པའི་རྣམ་པ་བཟང་པོ་དེ་མཐོང་སྐབས།

    ཨ་ཁུ་འབྲོག་པའི་བཞིན་རས་ལས་འཛུམ་མདངས་ཤིག་ཀྱང་རང་དགར་འཕྱུར། ཤེས་རིག་གི་མྱུ་གུ་འབུས་སའི་སློབ་གྲྭའི་དགའ་ཚལ་ལས། ཞོགས་པའི་དཔེ་ཀློག་གི་དབྱངས་རྟ་སྙན་མོ་ངའི་སྒྲ་འཛིན་དབང་པོར་ཐོས་ཤིང་། ལང་ཚོའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སློབ་མ་མང་པོ་ཞིག་གི་ངག་ནས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་པའི་རྒྱལ་ཁའི་གཏམ་བཟང་ཐོས་སྐབས། ཁྱིམ་བདག་མང་པོ་ཞིག་ནི་དབྱར་རྔ་ཐོས་པའི་རྨ་བྱ་ཇི་བཞིན་དགའ་བདེའི་དཔལ་གྱིས་བཟི།

    ཡང་གྲོང་ཁྱེར་གྱི་གཞུང་ལམ་ཟུར་དུ། སྟོད་གོས་སེར་པོ་གྱོན་པའི་གྲོང་ཁྱེར་མཛེས་བཟོ་པ་ཚོས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་དང་། ངལ་བ་ཁྱད་བསད་ཀྱིས་སྟོན་རླུང་གི་ཁྲོད་དུ་གད་སྙིགས་གཙང་སེལ་བྱེད་པའི་རྒྱབ་གཟུགས་ནི་དེ་བས་མཛེས་སྡུག་ལྡན། དེས་ན། ང་ཚོ་གྲོང་མི་ཚོས་ཀྱང་ནམ་ཞག་རྒྱུན་དུ་ཁོང་ཚོའི་དཀའ་སྤྱད་འབད་འབུངས་ཀྱི་ལས་ཀར་གཞོགས་འདེགས་དང་བརྩི་འཇོག་གནང་སྟེ། རྒྱུན་དུ་གད་སྙིགས་གང་བྱུང་དུ་མ་སྐྱུར་ཨང་ཞེས་ཁ་ཞེ་གཉིས་མེད་ཀྱི་ཤ་ཚའི་དྲན་སྐུལ་ཞིག་ཀྱང་ཞུ་བར་ཐལ་སོང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།