གསར་རྩོམ་དམངས་གཞས།
(འདོན་ཐེངས་གོང་མར་མཐུད) མཆོད་ཆང་ཁོག་ལ་མིད་ཀྱང་། །བཟི་ཁ་མགོ་ལ་བརྒྱུགས་སོང་། །བཟི་ཁ་རྒྱུག་དང་མ་བརྒྱུགས། །གནམ་ས་མགོ་རྟིང་ལོག་སོང་། །དང་པོ་ཡིན་མདོག་ཁ་པོ། །ངང་རྒྱུད་ཆུ་ལས་རིང་བ། །ཆང་གི་བཟི་ཁ་རྒྱས་དུས། །སྐྱུར་འགོང་མེ་ལས་ཚ་བ། །བུལ་ཐུག་གསོལ་ཇ་མངར་མོ། །ཟས་ཀྱི་གལ་ཏ་མགོ་སྦྲེལ། །ཤ་མོག་རླངས་པ་འཚུབ་འཚུབ། །འཚང་ཁ་བརྒྱབ་ནས་གང་ཡོང་། །ཁྱི་ཕྲུག་གསོ་མཁན་མང་བྱུང་། །ཁྱི་སྐྱག་བདག་པོ་མི་འདུག །གད་པ་ཨ་ཅག་ལགས་ལ། །འོ་བརྒྱལ་ཡང་ཡང་བཟོས་སོང་། །འབྲོག་ཁྱི་ངར་མོ་འདོགས་ས། །ལྕགས་ཕུར་ལྕགས་ཐག་ཡོད་རེད། །མགོ་ནག་མི་རྣམས་འདོགས་ས། །ཁ་པར་གྲུ་བཞི་རེད་འདུག །མི་ཚེ་ཁང་པའི་ཁྲལ་རེད། །མི་ཚེ་མོ་ཊའི་ཁྲལ་རེད། །བུ་ལོན་མ་འཕྲོད་བར་དུ། །ང་ནི་ཁྲལ་པ་ཡ་མེད། །གླ་ཕོགས་བརྒྱབ་པ་སྔ་སོང་། །གླ་ཕོགས་འཐེན་པ་མགྱོགས་སོང་། །བརྒྱབ་བརྡ་འཐེན་བརྡའི་ཐིང་སྒྲ ། རྣ་ལ་ཡང་ཡང་གཟན་བྱུང་། །གདོང་ལ་ཁྲི་ཡི་བྱུག་རྫས། །ལུས་ལ་སྟོང་གི་གཟབ་སྤྲོས། །ཨ་ཅག་ཁྲི་སྟོང་ལྷ་མོ། །མིང་དོན་ག་ཕྱི་ག་ལོག །སྔོན་མ་སྣ་གཅུ་སྒོར་སྒོར། །མཛོ་གཡག་གཅུན་པའི་གཏན་དགྲ །དེང་སང་ལྕགས་ཀྱི་སྣ་ལོང་། །ན་གཞོན་བུ་མོའི་རྒྱན་ཆ། །སྙིང་སྡུག་ནམ་མཁའི་ལྷ་མོ། །ཐུག་ཀྱང་དགའ་ཚད་མི་འདུག །ང་ལ་ཁྱེད་ལས་བྱམས་པའི། །དགའ་རོགས་ཁ་པར་རྙེད་བྱུང་། །ལག་དང་ཁ་པར་གཤིབ་གཤིབ། །ང་གཉིས་གཤིབ་རྒྱུ་བྱུང་ན། །རེག་རྒྱུ་ཤེལ་ལས་མེད་ཀྱང་། །མི་ཚེ་མཐའ་སྐྱེལ་ཞུས་ཆོག །ཁ་པར་ང་ཡི་བརྩེ་བ། །མཛུབ་མོ་ལྔ་ལ་བཅོལ་ཡོད། །མཛུབ་མོའི་མནན་ཕྱོགས་བར་ནས། །ལས་འཕྲོའི་མདུད་པ་ཐེབས་སོང་། །ཁ་པར་ལག་ལ་འཆང་འཆང་། །བརྩེ་བ་བདག་ལ་བཅངས་ན། །མཛུབ་མོས་ཁ་པར་རེག་རེག །བུ་ཆུང་ང་ཡིས་ཞུས་ཆོག །བྱམས་པ་རྒྱང་ལ་བཞུད་ཀྱང་། །སེམས་པ་སྐྱོ་དོན་མི་འདུག །བུ་ཆུང་ང་ཡི་བློ་གཏད། །ཁ་པར་འདི་ལ་བཅོལ་ཡོད། །
བལྟས་ན་མིག་ལ་མཛེས་པ། །འཆང་ན་འཇམ་ཤ་དོད་པ། །ལག་པའི་ནང་གི་ཁ་པར། །བྱམས་པ་ཡིན་ན་བསམས་བྱུང་། །ཁ་པར་བུ་མོའི་ལུས་ལ། །མཛུབ་མོ་ལྔ་ཡིས་རེག་ཡོད། །མཛུབ་མོར་རིང་ཐུང་ཡོད་ཀྱང་། །བརྩེ་བ་འདྲ་འདྲ་བཅངས་ཡོད། །ཁྱེད་དང་ང་གཉིས་བར་ལ། །ལྟ་རེས་མཐོང་རེས་མེད་ཀྱང་། །བརྩེ་དུང་འོ་ཆུ་འདྲེས་འདྲེས། །སྐད་འཕྲིན་ནང་ནས་འདྲེས་སོང་། །སེམས་མེད་ཡིན་ན་བསམས་བྱུང་། །བེམ་པོ་ཡིན་ན་བསམས་བྱུང་། །བྱམས་པའི་ལག་པའི་ནང་གི །ཁ་པར་ཡིན་ན་བསམས་བྱུང་། །བུ་མོ་ཁྱེད་ཀྱི་ལུས་པོ། །ཁ་པར་ཤེལ་ལས་འཇམ་པ། །ཤ་དང་ཚི་ལུའི་བར་ལ། །རུས་པ་ཨེ་ཡོད་བསམས་བྱུང་། །
འབྲེལ་ཡོད་གསར་འགྱུར།