འཕགས་བོད་སྲོལ་རྒྱུན་སྙན་གཞུང་ལས་ཉམས་ཀྱི་ངོ་བོའི་ངོས་འཛིན་སྐོར་གླེང་བ།
ཉམས་ནི་རྩོམ་རིག་སྒྱུ་རྩལ་གྱི་ཐ་སྙད་གལ་ཆེན་ཞིག་ཡིན་པས། གལ་སྲིད་དེའི་ངོ་བོར་ངོས་འཛིན་ཁ་གསལ་ཞིག་མ་བྱུང་ཚེ། སྲོལ་རྒྱུན་སྙན་ངག་ཙམ་མ་ཟད་རྩོམ་རིག་སྒྱུ་རྩལ་སྤྱིར་གོ་བ་ཡག་པོ་ཞིག་ལོན་དཀའ་བས། འདིར་འཕགས་བོད་སྲོལ་རྒྱུན་སྙན་གཞུང་ལས་བསྟན་པའི་ཉམས་ཀྱི་ངོ་བོར་ངོས་འཛིན་ཇི་ལྟར་བྱེད་ཚུལ་ཐད་རང་ཉིད་ཀྱི་ལྟ་ཚུལ་དང་སྦྲགས་ནས་ཅུང་གླེང་བའོ།
དང་པོ། གནའ་བོའི་རྒྱ་གར་གྱི་སྙན་གཞུང་ཁག་ལས་བསྟན་པའི་ཉམས་ཀྱི་ངོ་བོ།
ཉམས་ཞེས་པའི་ཐ་སྙད་འདི་ཐོག་མར་གནའ་བོའི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ཁྲོད་གཤེར་ཁུ་དང་འོ་མ། ཆུ། དངོས་པོའི་ཉིང་བཅུད་སོགས་དངོས་པོའི་མིང་ཙམ་ལ་གོ་བ་དང་། དེ་རྗེས་སྒྲུང་རབས་ཆེན་མོའི་དུས་སུ་ཉམས་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་རྩོམ་རིག་སྒྱུ་རྩལ་གྱི་མིང་བརྡ་གལ་ཆེན་ཞིག་ཏུ་གྱུར་རྗེས། 《རཱམཡཎ》དང《མཧཱབྷརཏ》 ཡི་གཏམ་རྒྱུད་ཀྱི་གསར་རྩོམ་ལག་ལེན་ཁྲོད་དངོས་སུ་བཀོལ་ཡོད། ཕྱིས་སུ་བྷརཏས《ཟློས་གར་གྱི་བསྟན་བཅོས》བརྩམས་པ་ནས། ཉམས་ནི་ལག་ལེན་རང་བཞིན་ནས་གཞུང་ལུགས་ཅན་དུ་འཕེལ་རྒྱས་ཕྱིན་ཏེ། བྷརཏས“ཉམས་ནི་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ་གསུམ་བསྡུས་པ་ལས་མངོན”ཞེས་པའི་ངོ་བོར་གཏན་ལ་ཕབ་རྗེས། གནའ་བོའི་རྒྱ་གར་གྱི་མཁས་པ་ཚོའི་ཁྲོད་ངོ་བོ་དེར་ངོས་འཛིན་མི་འདྲ་བ་སྣ་ཚོགས་བྱུང་ནས་རང་ཉིད་ཀྱི་ལྟ་ཚུལ་མང་དུ་སྤེལ་ཡོད།
དུས་རབས་བདུན་པའི་དུས་བྷམཧའི《སྙན་ངག་རྒྱན་གྱི་བསྟན་བཅོས》དང་སློབ་དཔོན་དབྱུག་པ་ཅན་གྱི《སྙན་ངག་མེ་ལོང》སོགས་སུ། ཉམས་ནི་ཟློས་གར་ལས་ལོགས་སུ་བཀར་ནས། སྙན་ངག་གི་རྒྱན་གྱི་ཁོངས་སུ་བསྡུ་འགོ་ཚུགས། དེ་རྗེས་དུས་རབས་དགུ་པའི་སྐབས་ཉམས་ཀྱི་ངོ་བོའི་ངོས་འཛིན་ཐད་ལྟ་བ་གསར་པ་མང་པོ་ཞིག་བྱུང་ཡོད་པ་ནི། ལོལླཊ་ཡིས“ཉམས་ནི་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ། དེ་བཞིན་འགྱུར་བ་བཅས་བཞི་བསྡུས་པ་ལས་མངོན” ཞེས་པའི་ལྟ་བ་བཏོན་ནས། བྷརཏས་ཉམས་ཀྱི་ངོ་བོ་གཏན་ལ་ཕབ་སྐབས་དངོས་སུ་མ་གསུངས་པའི་འགྱུར་བ་ཞེས་པ་ཁ་སྣོན་མཛད་པ་དང་། ཁོང་གིས་ཉམས་ནི་ཟློས་གར་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དང་འཁྲབ་མིའི་ལུས་ཐོག་ན་གནས་པའི་ལྟ་བ་བཏོན་པ་དང་། ཁོང་དང་དུས་མཚུངས་པའི་ཤཾཁུཀ་ཡིས“ཉམས་ནི་འཁྲབ་སྟོན་པས་ཟློས་གར་བརྩམས་ཆོས་ཁྲོད་ཀྱི་མི་སྣར་ལད་ཟློས་བྱས་པ་ལས་མངོན” ཞེས་གསུངས། དེ་བཞིན་ཁོང་དང་དུས་རབས་གཅིག་པའི་སློབ་དཔོན་དགའ་འཕེལ་གྱིས《སྒྲ་སྤྱི་སྣང་བ》ཞེས་པ་བརྩམས་ནས། ཉམས་ནི་སྒྱུ་རྩལ་བརྩམས་ཆོས་ཁྲོད་བག་ལ་ཞ་བའི་ཚུལ་གྱིས་གནས་ཡོད་ཚུལ་གསུངས་པ་ནི། དེང་དུས་སྙན་ངག་གི་ཁྱད་ཆོས་གལ་ཆེན་དུ་བཟུང་བའི་རྒྱུས་མེད་ཅན་དང་སྟོང་ཆ་ཅན་ཟེར་བ་དང་གཅིག་མཚུངས་ལྟ་བུ་ཡིན་པས། དུས་རབས་དགུ་པའི་སྐབས་ནས་ཚད་མཐོའི་ངོས་འཛིན་འདི་ལྟ་བུ་བྱུང་བ་ནི་ཆེས་གུས་བཀུར་ཞུ་འོས་པ་ཞིག་མ་ཡིན་ནམ།
དུས་རབས་བཅུ་པ་ནས་བཅུ་གཅིག་པའི་སྐབས་ཀྱི་སློབ་དཔོན་གསར་སྐྱབས་ཀྱིས་མཁས་པ་སྔ་མའི་ལྟ་བར་དགག་བཞག་སྤང་གསུམ་བྱས་ནས། ཁོང་གིས“ཉམས་ནི་ཐུན་མོང་རང་བཞིན་གྱི་ཚོར་བ”ཡིན་པའི་ལྟ་བ་བཏོན། གལ་སྲིད་ཚོར་བ་དེར་ཉམས་སུ་མྱོང་དགོས་ཚེ། གཅིག་ནས་སྒྱུ་རྩལ་གྱི་བྱང་ཚད་ལྡན་པའི་ཀློག་པ་པོའི་བག་ཉལ་གྱི་འགྱུར་བ་དེ། ཐུན་མོང་རང་བཞིན་གྱི་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ་གསུམ་ལ་བརྟེན་ནས་ཕྱིར་མངོན་དགོས་པ་དང་། གཉིས་ནས་ཟློས་གར་འཁྲབ་སྟོན་པས་འཁྲབ་ཐབས་མི་འདྲ་བ་མང་པོར་བརྟེན་ནས། ཟློས་གར་གྱི་གཞུང་དོན་ཡུལ་དུས་ཀྱི་བཀག་རྒྱ་ལས་གྲོལ་ཐུབ་པ་དགོས་པ། གསུམ་ནས་ཀློག་པ་པོ་དང་ཁེ་ཕན་གྱི་འབྲེལ་བ་གཏན་ནས་མེད་དགོས་ཚུལ་གསུངས། ལྷག་པར་དུ། ཁོང་གིས་འགྱུར་བ་ནི་དགའ་སྐྱོ་ཟུང་ལྡན་གྱིས་གྲུབ་པ་ཞིག་ཡིན་པ་དང་། ཉམས་ནི་ནམ་ཡང་མཛེས་རྟོག་བདེན་སྣང་གིས་ཕྱུག་པ་ཞིག་ཡིན་དགོས་པའི་ལྟ་བ་བཏོན་ནས་ཉམས་དང་འགྱུར་བའི་བར་གྱི་དབྱེ་བ་འབྱེད་པ་མ་ཟད། ཉམས་ནི་ཀློག་པ་པོའི་མྱོང་རོལ་ཆུ་ཚད་དང་ཡོངས་སུ་འབྲེལ་བ་ཡོད་ཚུལ་སོགས་གསུངས་པ་ནི་རྨད་བྱུང་གི་ལེགས་བཤད་ཁོ་ན་ཡིན་པས། ཕྱིས་ཀྱི་མཁས་པ་མང་ཆེ་བས་ཁོང་གི་ལྟ་བའི་རྗེས་སུ་འབྲངས་དང་འབྲང་བཞིན་ཡོད་པའང་རྒྱུ་མཚན་མེད་པ་ག་ལ་ཡིན།
དེ་རྗེས་དུས་རབས་བཅུ་བཞི་པའི་སྐབས་ཀྱི་སྣ་ཚོགས་མགོན་པོས《ཡི་གེའི་མེ་ལོང》ནང་། “ཉམས་ནི་ཕྱིའི་ཤེས་བྱེད་དང་ནང་གི་ཤེས་བྱེད། རྗེས་སུ་ཤེས་པ་གསུམ་ལ་བརྟེན་ནས། ཀློག་པ་པོའི་འགྱུར་བ་འཕེལ་ཚེ་མངོན”ཞེས་གསུངས་པ་ནི་གོ་རྒྱུ་ཤིན་ཏུ་ནས་ཆེ་བ་ཞིག་ཡིན། དེ་བཞིན་དུས་རབས་བཅུ་བདུན་པའི་སྐབས་ཀྱི་འཇིག་རྟེན་མགོན་པོས《ཉམས་ཀྱི་རྒྱ་མཚོ》ཞེས་པ་མཛད་ནས། “ཉམས་ནི་སོ་སོ་རང་རིག”ལ་གོ་དགོས་པར་འདོད། ཁོང་གིས་འཇིག་རྟེན་གྱི་ངོ་བོ་དང་རང་ཉིད་ངོ་བོ་གཅིག་ཏུ་ཐིམ་པའི་སྐབས་ཀྱི་ཟག་མེད་ཀྱི་བདེ་བ་ནི་ཉམས་ཡིན་པའི་ལྟ་བ་བཏོན་ཏེ། ཉམས་ཀྱི་ངོ་བོ་ཡང་མཚན་ཉིད་རིག་པའི་མཐོ་ཚད་གསར་པ་ཞིག་ཏུ་བསྐྱལ་ཡོད།
གཉིས་པ། བོད་གངས་ཅན་ལྗོངས་ཀྱི་སྙན་གཞུང་ཁག་ལས་བསྟན་པའི་ཉམས་ཀྱི་ངོ་བོ།
དུས་རབས་བཅུ་གསུམ་པའི་དུས་འགོར། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས《སྙན་ངག་མེ་ལོང》བོད་དུ་ཐོག་མར་བསྒྱུར་ཏེ། 《མཁས་འཇུག》ནང་ཉམས་ཀྱི་སྐོར་རྒྱས་པར་བསྟན་རྗེས། ཕྱིས་ཉམས་ཀྱི་ངོ་བོའི་སྐོར་ལ་རང་རེའི་མཁས་པ་ཚོའི་གཟིགས་ཚུལ་ལ་བརྟག་ཚེ། སྤྱིའི་ཆ་ནས་མཁས་པ་གོང་མའམ་རང་གི་དགེ་རྒན་གྱི་ཁྲིད་རྒྱུན་དང་ལུང་རྒྱུན་གཙིགས་སུ་བཟུང་བ་ལས། གནའ་བོའི་རྒྱ་གར་གྱི་མཁས་པ་ཇི་བཞིན་དགག་བཞག་སྤང་གསུམ་གྱི་ཚ་རླབས་ཤིག་འཕྱུར་མེད་ཚོད་འདུག
དེ་ཡང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ》ཞེས་པར། “ཉམས་ནི་སྒེག་པ་དང་དཔའ་བ་ལ་སོགས་པ་སྟེ། འགྱུར་བ་ནི་མངོན་པར་སྤྲོ་བ་ལ་སོགས་པའོ། །”ཞེས་གསུངས་པ་དང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས《སྙན་ངག་མེ་ལོང་གི་འགྲེལ་པ་དེ་ཉིད་གསལ་བ》ཞེས་པར། “དེ་ཡང་འཆི་མེད་མཛོད་དུ། ཡིད་ཀྱི་རྣམ་འགྱུར་བསམ་པའོ། །ཞེས་འབྱུང་བ་ལྟར་དགའ་བ་དང་། ཁྲོ་བ་དང་། འདོད་པ་ལ་སོགས་ནང་གི་དེ་ཁོ་ན་ཉིད་དུ་འཇུག་ཅིང་ལུས་ངག་གི་རྣམ་འགྱུར་མ་ཤར་བ་ནི་འགྱུར་བའམ། བསམ་པ་ཞེས་བྱ་ཞིང་། དེ་ཉིད་རྒྱས་པར་འཛུམ་པ་དང་ཁྲོ་གཉེར་ལ་སོགས་པ་རྗེས་སུ་འགྱུར་བ་དེ་ཉིད་དུ་བསམ་པའི་གོ་བྱེད་རྗེས་སུ་འགྱུར་བའོ། །ཞེས་འབྱུང་བ་ལྟར་ལུས་ངག་གི་བྱ་བས་གསལ་བར་གྱུར་པ་ནི་ཉམས་ཞེས་བྱའོ”ཞེས་གསུངས། ཕྱིས་རང་རེའི་མཁས་པ་ཚོས་ཉམས་ཀྱི་ངོ་བོ་གླེང་སྐབས། སྤྱིའི་ཆ་ནས《འཆི་མེད་མཛོད》ལས་བསྟན་པའི་ཉམས་ཀྱི་ངོ་བོའི་སྐོར་དེ་ལུང་དུ་དྲངས་ནས་དེ་དང་ཆ་མཐུན་ལྟ་བུར་འགྲེལ་བཞིན་ཡོད། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་ཀྱང《སྙན་འགྲེལ་དཎྜིའི་དགོངས་རྒྱན》ལས། “འཆི་མེད་མཛོད་དུ། ཡིད་ཀྱི་རྣམ་འགྱུར་བསམ་པའོ། །ཞེས་འབྱུང་བས། དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་རྣམ་འགྱུར་ལུས་ངག་ཏུ་མ་ཤར་བ་ནི་འགྱུར་བའམ་བསམ་པ། དེ་ཉིད་རྒྱས་པར་བྱས་པས་འཛུམ་པའམ་ཁྲོ་གཉེར་ལྟ་བུ་ལུས་ངག་གི་བྱ་བས་གསལ་བར་གྱུར་པ་ནི་ཉམས་ཡིན་ཏེ”ཞེས་གསལ་ཁ་འབྱེད་པ་ནས་བཟུང་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱིས་ཀྱང་མཁས་པ་སྔ་མའི་ལུང་བཞིན་འགྲེལ་ལ། ད་ལྟའི་ཆར་ཉམས་འགྱུར་གྱི་ངོ་བོ་གླེང་སྐབས་སྤྱིར་དེ་ཁོ་ནར་ངོས་འཛིན་བྱེད་བཞིན་ཡོད།
གསུམ་པ། རང་ཉིད་ཀྱི་ཉམས་ཀྱི་ངོ་བོའི་དབྱེ་ཞིབ་དང་ངོས་འཛིན།
གནའ་བོའི་རྒྱ་གར་གྱི་མཁས་པ་ཚོས་ཉམས་ཀྱི་ངོ་བོ་གཏན་ལ་འབེབས་སྐབས། གཙོ་ཆེར་བྷརཏའི《ཟློས་གར་གྱི་བསྟན་བཅོས》གཞིར་བཟུང་སྟེ། མཁས་པ་སོ་སོའི་ལྟ་ཚུལ་གླེང་ནས་དགག་བཞག་སྤང་གསུམ་མཛད་པ་དང་། རང་རེའི་མཁས་པ་ཚོས་སྤྱིར《འཆི་མེད་མཛོད》ལས་བསྟན་པའི་ཉམས་ཀྱི་ངོ་བོ་ལྟར་འགྲེལ་ཏེ། ཁྲིད་རྒྱུན་དང་ལུང་རྒྱུན་གཙིགས་སུ་བཟུང་བའི་རྣམ་པ་ཞིག་མཐོང་།
འཕགས་བོད་མཁས་པ་ཚོས་བསྟན་པའི་ཉམས་ཀྱི་ངོ་བོ་དག་ལ་དབྱེ་ཞིབ་བྱས་ཚེ། གནད་དོན་གལ་ཆེན་མང་པོ་རྟོགས་ཡོང་སྟེ། སློབ་དཔོན་བྷརཏས་ཉམས་འགྱུར་གྱི་འབྲེལ་བ་གླེང་བ་ནས་བཟུང། ཉམས་ནི་ཡིད་འགྱུར་དང་འབྲེལ་ཡོད་པ་དང་། སློབ་དཔོན་གསར་སྐྱབས་ཀྱིས་ཉམས་ནི་རོལ་མྱོང་དང་ཁ་འབྲལ་ཐབས་མེད་པར་གསུངས་པ་ལས། ཉམས་དང་ཀློག་པ་པོའི་འབྲེལ་བ་རྟོགས། དེ་བཞིན་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས“ཉམས་ལྡན་གྱི་རྒྱན་ནི་ཉམས་སྒེག་པ་ལ་སོགས་རྟོགས་པར་བྱེད་པས་ཡིད་དུ་འོང་བའི་ངག་གོ”ཞེས་པ་དང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས“ཉམས་དང་ལྡན་པ་ཡི་རྒྱན་ནི། སྒེག་པ་སོགས་ཀྱི་ཉམས་བརྗོད་པའི་ཚིག་གི་ནུས་པ་ཐོན་པས་སོ་སོའི་དོན་མཚོན་པ་དེ་དང་། དེའི་རྣམ་པ་ཆེས་ཡིད་ལ་བབ་པའམ་ཡིད་དུ་འོང་ཞིང་འཐད་པའི་ཉམས་དང་ལྡན་པའོ། །”ཞེས་འདིར་ཤུགས་ནས་ཉམས་དང་སྙན་ངག་གི་མཛེས་པའི་འབྲེལ་བ་བསྟན་པས། འཕགས་བོད་མཁས་པ་གོང་མའི་བསམ་བློའི་ཉིང་བཅུད་ལྷུར་བླངས་པ་རྟོགས། རང་ཉིད་ཀྱིས་བློ་ཞིབ་མོས་བསམས་ཚེ། ཉམས་ནི་ཀློག་པ་པོ་དང་རྩོམ་པ་པོ། བརྩམས་ཆོས་དང་སྤྱི་ཚོགས་བཅས་རྩོམ་རིག་གི་ཆོས་བཞི་དང་ཡོངས་སུ་འབྲེལ་ཡོད་པར་འདོད་པས། ཉམས་ཀྱི་ངོ་བོ་ཡང་དེ་བཞི་དང་འབྲེལ་ནས་གླེང་ཚེ་ཅུང་འཚམ་པར་འདོད།
དེས་ན། ཉམས་ནི་རྩོམ་པ་པོའི་ཡིད་འགྱུར་རྐྱེན་དང་བཅས་སྒྱུ་རྩལ་གྱི་ལམ་ནས་ཕྱིར་མངོན་པ་དང་། དེར་བྱང་ཚད་ལྡན་པའི་ཀློག་པ་པོས་ཉམས་སུ་མྱོང་བའི་མཛེས་རྟོག་བདེན་སྣང་དེར་གོ་ན་མི་འགྲིག་པ་མེད་སྙམ། རྐྱེན་དང་བཅས་ཞེས་པས་རྩོམ་རིག་གི་ཆོས་བཞི་ལས་སྤྱི་ཚོགས་བསྟན་པ་དང་། སྒྱུ་རྩལ་ཞེས་པས་བརྩམས་ཆོས་བསྟན་པ། དེ་བཞིན་བྱང་ཚད་ལྡན་པའི་ཀློག་པ་པོ་ཞེས་པས་མྱོང་རོལ་གྱི་ནུས་པ་བསྟན་ཡོད་དེ། ཉམས་ནི་ཀློག་པ་པོ་ཀུན་གྱིས་ཚོར་ཐུབ་པ་ཞིག་མ་ཡིན་ཏེ། མྱོང་རོལ་གྱི་ནུས་པ་ངེས་ཅན་ལྡན་པའི་ཀློག་པ་པོ་ཁོ་ནར་དབང་བ་ཡིན། མཛེས་རྟོག་བདེན་སྣང་ནི་བརྩམས་ཆོས་ཧྲིལ་པོ་ལས་རང་ཉིད་ལ་སྦྱིན་པའི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་དེ་ཡིན་པས། དོན་དུ་དེ་ནི་སྙན་ངག་གི་ཉམས་ཞེས་པ་ཡིན་པར་འདོད།
(དར་རྒྱས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2023ལོའི་ཤེས་རམས་ཞིབ་འཇུག་སློབ་མ། ལྷ་ས་དགེ་འོས་སློབ་ཆེན་གྱི་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས། རྩོམ་རིག་གཞུང་ལུགས་དང་རིག་གནས)
འབྲེལ་ཡོད་གསར་འགྱུར།