ངལ་བ་བརྒྱ་ཕྲག་དུ་མའི་མདུན་བསུས་ཏེ། མེས་པོའི་ཕྱག་རྒྱུན་མི་ཉམས་གོང་དུ་སྤེལ།
《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་103གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཞུགས་པའི་མཐོང་ཐོས།

འདི་ནི་པར་ཕུད་འགྲེམས་སྤེལ་མཛད་སྒོ་འཚོག་ཡུལ་ཡིན་པ།
འབྲས་བཟང་སྨིན་པའི་སྟོན་གྱི་དུས་བཟང་འདིར། ཤེས་རིག་གཏམ་བཟང་གངས་ལྗོངས་ཡུལ་ནས་གྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐལ་བཟང་གི་དུས་འདིར། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་ཁང་དང་། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》གཞུང་ལས་ཁང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ལྟེ་གནས་དང་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་བསམ་སྡིངས་དགོན་བོ་དོང་དཔེ་རྙིང་ལེགས་སྒྲིག་གཞུང་ལས་ཁང་གིས་གཞོགས་འདེགས་ཐོག་གཉེར་བའི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད་103གྱི་པར་ཕུད་འགྲེམས་སྤེལ་དང་དཔེ་སྦྱིན་མཛད་སྒོ་ཉིན་ཤས་གོང་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།
《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིག་གནས་འདུ་འགོད་གལ་ཆེན་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཆ་ལག་ཚང་བར་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་གཤིས། ད་ཐེངས་ཀྲུང་ཧྭའི་རིག་མཛོད་ཆེན་མོའི་གྲལ་དུ་ཚུད་པའི་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་སྒྲིག་དཔེ་སྐྲུན་བྱས་པ་འདི་ཡང་བྱས་རྗེས་དེང་འདིར་བཞག་ལ། ཕན་འབྲས་བསྐལ་བརྒྱར་ཐོན་པའི་རྨང་གཞིའི་རང་བཞིན་གྱི་རིག་གནས་ཀྱི་འདུ་འགོད་ཅིག་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་བོད་དུ་དངོས་སུ་ལག་ལེན་བསྟར་བ་ཞིག་ཀྱང་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཚོས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་གཙོ་སྒྲུབ་དང་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་གྱི་བཀའ་སློབ་དང་མཛུབ་སྟོན་འོག མི་ཚེ་གང་པོ་ཤེས་རིག་ལ་བསྟིམས་པའི་དམ་པའི་སྐྱེས་བུ་མང་པོས་ལོ་ངོ་སྟོང་ཕྲག་ལྷག་གི་དུས་ཡུན་ནང་། ཐུན་མོང་དང་ཐུན་མོང་མིན་པའི་གཞུང་ལུགས་མང་པོ་ཞིག་ཐོག་མར་སྲོལ་ཕྱེས། དེ་ནས་འཆད་ཉན་གྱིས་དར་རྒྱས་སུ་བཏང་། མཐའ་མར་རྒྱུན་འཛིན་ཉམས་མེད་ཀྱིས་བརྗེད་བྱང་དུ་བྲིས་པའི་གསུང་རབ་རིག་གཞུང་རྣམས་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཀྱིས་རང་ཅག་གི་ཕྱི་རབས་སྐལ་ལྡན་རྒྱུད་འཛིན་པ་དག་གི་ཡིད་གསོས་སུ་བཞག་པ་དེ་ཤིན་ཏུ་ནས་ཀྱང་དོན་ཆེན་དུ་མཐོང་ནས་དངོས་ཤུགས་གང་ཅིའི་ངལ་བ་དུ་མ་ཁྱད་དུ་བསད་དེ། ལོ་ངོ་བཅུ་ཕྲག་གཉིས་ལྷག་ཙམ་གྱི་རིང་། མདོ་དབུས་ཁམས་གསུམ་གྱི་ས་ཆ་ཁག་ཏུ་བསྐྱོད་དེ་དཔེ་རྙིང་དཔེ་དཀོན་རྣམས་སྲུང་སྐྱོབ་དང་། འཚོལ་བསྡུ། ཉམས་གསོ་སོགས་ཀྱི་བགྱི་བ་དང་དུ་བླངས་ནས་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་ལྡན་པའི་བྱ་བ་རླབས་པོ་ཆེ་འདི་ལྟ་བུ་མིག་ལྡན་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་བཤམས་པ་རེད།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པའི《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་པར་སྐྲུན་བྱས་པ་དེས་ཕྱོགས་བསྡུས་རང་བཞིན་གྱི་བོད་ཡིག་གི་ཚད་ལྡན་ཡིག་ཆ་ཆེ་གྲས་ཕྱོགས་བསྒྲིགས་པར་སྐྲུན་བྱེད་པའི་ཐད་ཀྱི་མི་འདང་བའི་ཆ་གསབ་པ་མ་ཟད། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཕྱིར་ཚད་ལྡན་ཡིག་ཆའི་ཐོན་ཁུངས་རྩ་ཆེན་མཁོ་འདོན་བྱས་པ་མ་ཟད། བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོར་རིན་ཐང་ལྡན་པའི་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།
ལྷ་ས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་འགྲོ་འདུལ་རྡོ་རྗེས་ངོ་སྤྲོད་བྱས་དོན། གསུང་འབུམ་ཆེན་མོ་འདིར་ཁྱོན་པོད་གྲངས་103ཡོད་ཅིང་། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་མཚན་ཉིད་རིག་པའི་གསུང་རྩོམ་དང་། ཆོས་དོན་འཆད་འགྲེལ། ལོ་རྒྱུས་ཟིན་འགོད་སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་བསྡུས་ཡོད་པས། ནང་དོན་རྒྱ་ཆེ་ཞིང་དགོངས་པ་གཏིང་ཟབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་ལོ་རྒྱུས་དང་བོད་ཀྱི་རིག་གནས་ནོར་མཛོད་ནང་གི་ཤུལ་བཞག་གལ་ཆེན་ཞིག་ཡིན། དེའང་འབྲས་སྤུངས་དགོན་དང་། བོ་དོང་ཨེ་ཆོས་སྡེ་དགོན། ཕོ་བྲང་པོ་ཏ་ལ། བོད་ལྗོངས་དཔེ་མཛོད་ཁང་། སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་ཡིག་ཚགས་ཁང་། ཡར་འབྲོག་མངོན་དགའ་ཆོས་སྡེ། ས་སྐྱ་དགོན་སོགས་ནས་བྱུང་བའི་མ་ཕྱི་མི་འདྲ་བ་དག་གི་ཆད་པ་གསབ། མི་གསལ་བ་གསལ་བོར་བྱས། བྲིས་ནོར་བཅོས། འཐོར་བ་བསྡུས་ཏེ་ལེགས་པར་བསྒྲིགས་པ་དང་། ཞུས་དག་ཐད་ཚིག་འབྲུ་མི་གསལ་ཞིང་ཆད་ལྷག་དང་བྲིས་ནོར་སོགས་དོགས་གནད་མང་པོ་ཞིག་ལ་རྨོངས་ཚོད་ཀྱིས་བཀས་མ་བཅད་པར། གཞུང་གོང་འོག་དང་མ་ཡིག་མི་འདྲ་བ་དང་། ད་དུང་ཁུངས་བཙན་གྱི་ཡིག་ཆ་གཞན་དང་དཔང་བཙན་གྱི་བརྡ་གཞུང་རྣམས་ལ་གཏུགས་ཅི་ནུས་ཀྱིས། ཚིག་འབྲུ་མི་གསལ་བའི་རིགས་ཁ་བསྐངས་ཤིང་མངོན་གསལ་ཡིག་ནོར་འགའ་བཅོས་པ་ཕུད། ནང་དོན་ལ་འཕྲི་སྣོན་དང་བཅོས་ལྷད་མེད་པར་མ་དཔེ་སོར་བཞག་བྱས་ཡོད། དེ་ཉིད་འདུས་པའི་སྒྲིག་སྟངས་ཀྱི་ཐད་ལ་དཀར་ཆག་ཡིད་བཞིན་ནོར་བུའི་གོ་རིམ་གཞིར་བཟུང་བ་དང་། གསུང་ཐོར་བུའི་སྐོར་རྣམས་དཀར་ཆག་སྨྲ་བའི་ཟུར་ཕུད་གྱི་གོ་རིམ་ལྟར་དུ་བསྒྲིགས་ཡོད་པ་མ་ཟད། རྗེ་ཉིད་ཀྱི་རྣམ་ཐར་དང་གསན་ཡིག་གི་སྐོར། དེ་ཉིད་འདུས་པའི་དབུ་ཞབས་བར་གསུམ་གྱི་མཆོད་བརྗོད་དང་མཛད་བྱང་སོགས་གསུང་འབུམ་ཆེན་མོ་དང་ལྷན་དུ་བསྒྲིགས་པ་ཞིག་རེད།
དེར་བརྟེན་གསུང་འབུམ་ཆེན་མོ་འདི་ནི་ད་ལམ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ཁག་ལས་ཆོས་ཚན་ཆ་ཚང་ཤོས་དང་། སྒྲིག་སྟངས་དང་ཞུ་དག་ལེགས་ཤོས། ཆོས་ཚན་གྱི་རྣམ་གྲངས་མང་ཤོས་བཅས་ཡིན་ལ། འཛམ་གླིང་ཐོག་མཐོང་དཀོན་པའི་མི་སྒེར་གྱི་བརྩམས་ཆོས་རིང་ཤོས་དང་། རིག་གནས་སྣ་ཁ་འཛོམས་ཤོས། ཡིག་ཚོགས་མང་ཤོས། ཚན་པ་མང་ཤོས་བཅས་ཀྱི་ཅི་ཉི་སིའི་ཟིན་ཐོའང་བཏོད་ཡོད་པ་རེད།
ཡར་འབྲོག་བསམ་སྡིངས་དགོན་གྱི་དགེ་འདུན་ཚེ་རིང་དར་རྒྱས་ཀྱིས། “ད་ཐེངས་ཀྱི《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྐྲུན་ལས་དོན་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ལེགས་གྲུབ་བྱུང་བ་ཞིག་ཡིན། དེ་གོང་གི་དཔར་མ་དང་བསྡུར་ན་ད་ཐེངས་ཀྱི་དཔར་མ་གསར་པའི་ས་བཅད་ཁག་ལ་ལེགས་སྒྲིག་བྱས་ཡོད་པ་མ་ཟད། པར་སྒྲིག་ཇུས་འགོད་དང་དག་ནོར་བཟོ་བཅོས་སོགས་ཀྱི་ལྷུ་ཚིགས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ། རང་ནུས་ཅི་ཡོད་ཀྱིས་ནང་དོན་ཐད་ཚད་དང་ལྡན་པ་དང་ལྟ་ཀློག་ཐད་རྗོད་པ་བདེ་པོ་ཡོང་བར་བྱས་ཡོད”ཅེས་བརྗོད།
ད་ལྟའི་ཆར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་ལས་མི་ཡོངས་ཀྱིས་དཀའ་བ་དང་ལེན་དང་ངལ་བ་འཛེམས་མེད་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་བོད་ཀྱི་སྲོལ་རྒྱུན་གསུང་རབ་རིག་གནས་འཚོལ་བསྡུ་དང་ལེགས་སྒྲིག་དར་སྤེལ་བཏང་དང་གཏོང་མུས་ཡིན་ལ། ད་ལམ་ངལ་བ་དོན་ཡོད་དང་བྱས་པ་དོན་ལྡན་གྱི་གྲུབ་འབྲས་བཟང་པོ་འདི་འདྲ་ཐོབ་པ་ཡང་ང་ཚོ་ཕྱི་རབས་པ་ཀུན་གྱི་མིག་ལྟོས་གལ་ཆེན་ཞིག་ཏུ་གྲུབ་པས་ན། སླད་མར་དེའི་ཐད་རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ་རྒྱུ་ནི་ངེད་ཚང་མའི་ཕྲག་ཐོག་ཏུ་བབས་པའི་དོར་དུ་མེད་པའི་འགན་འཁྲི་ཞིག་ཏུ་སེམས་སོ།
འབྲེལ་ཡོད་གསར་འགྱུར།