དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ཕྱུགས་རིགས་སྨན་པ་ཕུར་བུ་དབང་འདུས་ཀྱིས།

    དཀའ་ངལ་དུ་མ་ཁྱད་དུ་བསད། ཞྭ་ལུའི་ཡུལ་མིར་བདེ་སྐྱིད་སྐྲུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-22

    ཞོགས་པའི་སྨུག་སྤྲིན་གྱིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ཞྭ་ལུ་གྲོང་ཚོའི་མུ་ལ་མུ་ཁྱུད་ཀྱི་རི་བོ་ཡོངས་སུ་བཏུམས། ལོ་63ལ་སླེབས་པའི་ཕུར་བུ་དབང་འདུས་རང་ཉིད་ཀྱི“གཡུལ་ས”བ་ཚང་ནང་བ་ཕྱུགས་ལ་གཡོག་བྱེད་བྱེད་པར་བྲེལ་ཞིང་། ཁོང་གིས་རྩུབ་ཅིང་ཆེ་བའི་ལག་པས་ཧོ་སི་ཐན་བ་ཕྱུགས་ཀྱི་སྒལ་པར་བྱིལ་བྱིལ་བྱེད་ཞོར། ཉན་བརྟག་ཡོ་བྱད་གྲོད་ཁོག་ལ་ག་ལེར་སྦྱར།

    “1997ལོ་སྟེ་ང་རང་ཕྱུགས་རིགས་སྨན་པ་བྱེད་པའི་ལོ་དེར་ཕྱུགས་རིགས་ལ་ཁབ་རྒྱག་པ་དང་སྨན་སྟེར་བའི་ལས་ཀ་སྟབས་བདེ་ཙམ་ཤེས་པ་མ་གཏོགས། རིག་གནས་ཆུ་ཚད་མཐོ་པོ་མེད་ལ་ལག་རྩལ་ཡང་མཁས་པོ་མེད། དེར་བརྟེན་ཕྱུགས་རིགས་ན་བ་མཐོང་སྐབས་དངངས་སྐྲག་ཆེན་པོ་སྐྱེས་པ་ལས་ཐབས་གཞན་གང་ཡང་རྙེད་ཀྱི་མེད”ཅེས་ཕུར་བུ་དབང་འདུས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

    ཁོང་གི་དྲན་གསལ་ལ་ཡིད་སྐྱོ་ཤོས་ནི་1979ལོར་གློ་བུར་དུ་ཐོན་པའི་ར་ལུག་གི་རིམས་ནད་དེ་ཡིན་ཞིང་། “དེ་ནི་ངོ་མ་གནད་དོན་ཆེན་པོ་ཞིག་རེད”ཅེས་བགྲེས་སོང་གི་སྐད་ཤུགས་རང་དབང་མེད་པར་ཆུང་དུ་ཕྱིན་ནས“རིམས་ནད་བྱུང་བའི་ལོ་དེར་ང་ཚོས་ར་ལུག་ལོགས་སུ་བཞག་ནས་གསོན་ཐབས་གང་ཐུབ་བྱས་རུང་སྔར་བཞིན་ར་ལུག་མང་པོ་ཤི་ནས་གྱོང་གུན་ཚབས་ཆེན་བཟོས་པ་མ་ཟད། སེམས་ནད་ཆེན་པོ་བྱུང”ཞེས་བཤད། མྱོང་བརྒྱུད་དེ་ལས་ཁོང་གིས་སྲོག་ཆགས་ཀྱི་རིམས་འགོག་ལས་དོན་གྱི་གལ་ཆེའི་རང་བཞིན་སྔར་བས་གཏིང་ཟབ་ཤེས་ཡོད།

    ལོ་རབས་80པའི་ལོ་འགོར། ཞྭ་ལུ་གྲོང་ཚོར་ཆུ་འདྲེན་ལས་གྲྭ་བསྐྲུན་པ་སྟེ། མྱང་ཆུ་གཙང་པོའི་ཆུ་ཞྭ་ལུ་གྲོང་ཚོར་དྲངས་པས། “གནམ་ཆུ་སྒུག་པའི”དཀའ་ངལ་ཐག་གཅོད་ཐུབ་ནས། ཞིང་འདེབས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། སྒོ་ཕྱུགས་གསོ་སྤེལ་ལའང་དུས་སྐབས་བཟང་པོ་ཞིག་ཤར་ཞིང་། ཕུར་བུ་དབང་འདུས་ཁྱིམ་གྱི་ནས་ཞིང་མུའུ་20ནས་ནས་ཐོན་འབབ་བསྡོམས་འབོར་རྒྱ་མ་2000ནས་རྒྱ་མ་8000ལྷག་ཙམ་བར་འཕར་ཡོད།

    “ང་རང་བསམ་གྲུབ་རྩེ་ཆུས་དང་། གཞིས་རྩེ་གྲོང་ཁྱེར། རང་སྐྱོང་ལྗོངས་སོགས་རིམ་པ་ཁག་གི་ཕྱུགས་རིགས་སྨན་པའི་ལག་རྩལ་གསོ་སྦྱོང་ལ་ཞུགས་པ་ཡིན”ཤེས་བྱ་ནི་བདུད་རྩི་དང་འདྲ་བར་ཁོང་གི་ཤེས་ཡོན་སྦྱོང་འདོད་ཀྱི་སྐོམ་པ་ཡོངས་སུ་བསལ་ཡོད། 1986ལོར་ཁོང་གི་ལས་ཀར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། བ་གླང་གི་རྒྱུད་པ་ལེགས་བཅོས་ཁྱབ་གདལ་གྱི་འགན་ཁུར་བ་རེད།

    “དང་ཐོག་མར་དཀའ་ལས་ཁག་པོ་འདུག”ཅེས་ཕུར་བུ་དབང་འདུས་ཀྱིས་འཛུམ་དམུལ་དམུལ་ངང་མགོ་བོ་གཡུག་བཞིན་བཤད་པ་དང་། ཁོང་གིས“མང་ཚོགས་ཀྱིས་དེ་དོན་ལ་རྒྱུས་མངའ་མེད་སྟབས་གྲོང་ཚོ་ཡོངས་ནས་མང་ཚོགས་རེ་ཟུང་གིས་བ་གླང་བཅུ་གྲངས་ཁྲིད་ནས་ལེགས་བཅོས་ཚོད་ལྟ་བྱེད་པ་མ་གཏོགས་ཕལ་ཆེ་བས་དང་ལེན་བྱེད་ཀྱི་མི་འདུག”ཅེས་བཤད། དཀའ་ངལ་ཇི་ལྟར་འཕྲད་རུང་ཁོང་གིས་ཡོད་ཚད་གདོང་གིས་བསུས་ཡོད། “ངས་བ་ཚང་ནང་བསྡད་ནས་ཁོ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་ག་ཚོད་ཡོད་མེད་རྩིས་ཤིག་བརྒྱབ་སྟེ། རྒྱུད་བཟང་གི་བ་མོ་གཅིག་ནས་ཐོན་པའི་འོ་མ་དེ་སྔའི་བ་མོ་གསུམ་གྱི་འོ་མ་དང་ཧ་ལམ་འདྲ་པོ་རེད་ཅེས་བཤད་པ་ཡིན” འོན་ཀྱང་བཤད་པ་ཙམ་གྱིས་མི་འགྲིག་པར་ཁོང་གིས་སྣེ་ཁྲིད་དེ་རང་ཁྱིམ་གྱི་བ་ཕྱུགས་ལ་མི་ཐབས་ཀྱིས་བེའུ་སྦྲུམ་ཐབས་བྱས་ཏེ་བ་གླང་གི་རྒྱུད་པ་ལེགས་བཅོས་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

    “ཚང་མས་རྒྱུད་བཟང་བ་མོ་ལས་བྱུང་བའི་ཕན་པ་དངོས་སུ་མཐོང་ཡོད”ཁོང་གིས་སྤོབས་པ་ཆེན་པོས“གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་རང་འགུལ་ངང་བང་བསྒྲིགས་ནས་རང་ཁྱིམ་གྱི་བ་ཕྱུགས་ལ་རྒྱུད་པ་ལེགས་བཅོས་བྱེད་པར་སྒུག་གི་ཡོད། ད་ཆ་ང་ཚོས་ལོ་གཅིག་ལ་བ་ཕྱུགས་700ལྷག་ཙམ་ལ་མི་ཐབས་ཀྱིས་བེའུ་སྦྲུམ་ཐབས་བྱས་པར་བེའུ་500ལྷག་ཙམ་སྐྱེས་ཀྱི་འདུག སྔོན་མ་ཕལ་ཆེ་བ་རང་ཡུལ་གྱི་བ་ཕྱུགས་ཡིན་པ་དང་ད་ཆ་80%ཚང་མ་ལེགས་བཅོས་བྱས་པའི་ཅོན་ཧྲན་དང་ཧོ་སི་ཐན་གྱི་བ་ཕྱུགས་རེད། རྒྱུད་པ་ལེགས་བཅོས་ལེགས་གྲུབ་བྱུང་ཚད་ཀྱང་སྔོན་ཆད་ཀྱི་40%ནས་ད་ལྟའི་80%བར་འཕར་ཡོད”ཅེས་ཁོང་གིས་བཤད།

    ད་ཆ་ཕུར་བུ་དབང་འདུས་ནི་ཤང་ནང་སྲོག་ཆགས་ཀྱི་རིམས་འགོག་ལས་དོན་སྒྲུབ་མཁན་གཙོ་བོར་གྱུར་ཞིང་། ཁོང་གིས་ན་སོ་གཞོན་པའི་ཕྱུགས་རིགས་སྨན་པ་གཉིས་ཁྲིད་ནས་ཡུལ་དེའི་སྒོ་ཕྱུགས་སྲུང་སྐྱོབ་ལས་ལ་གཞོལ་བཞིན་ཡོད།

    “ལུག་མགོ་གྲངས་1800ལྷག་ཙམ་ནས་3000ལྷག་ཙམ་དང་། བ་གླང་700ལྷག་ཙམ་ནས་1500ལྷག་ཙམ་བར་མང་དུ་ཕྱིན་ནས་ང་ཚོའི་གྲོང་ཚོའི་ཕྱུགས་རིགས་ཉར་ཚགས་བྱེད་ཚད་ལྡབ་འཕར་བྱུང་ནས་སྤུས་ཚད་ཀྱང་ཇེ་ལེགས་སུ་ཕྱིན་ཡོད”བགྲེས་སོང་གིས་ལག་ནང་གི་ཉན་བརྟག་ཡོ་བྱད་ལ་འཕུར་བཞིན“ལོ་48ཕྱིན་འདུག སྔོན་མ་ཕྱུགས་རིགས་ན་ནས་ཤི་རུང་དངངས་སྐྲག་བྱས་ནས་སྡོད་རྒྱུ་ལས་ཐབས་གཞན་གང་ཡང་མེད་པ་ནས། ད་ཆ་ཕྱུགས་ནད་ཐོན་ཚེ་ནད་བརྟག་སྨན་བཅོས་བྱས་ནས་ཡུལ་མི་ཚོར་བདེ་སྐྱིད་སྐྲུན་པའི་་བར། ངས་སྐྱོད་པའི་ལམ་བུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོའི་སྣེ་ཁྲིད་ནས་བཏོད་པ་ཞིག་ཡིན་པས། བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།