དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ས་ཕ་ཡུལ།

    ཨོ་ཏོག་བསྟན་ཉི།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    ཡུལ་གར་སོང་ཕ་ཡུལ་སྐྱིད་ཤོས་མཐོང་། །

    ས་གར་སོང་རང་ས་དགའ་ཤོས་འཆར། །

    སྡེ་གར་སོང་རང་སྡེ་སྤྲོ་ཤོས་སྣང་། །

    རང་ཡུལ་ལས་ལྷག་པ་གཞན་མ་མཐོང་། །

    སྤྱིར་ཆུང་ཆུང་བྱིས་པ་ཡི་དུས་སུ། །

    རང་ཡུལ་ལས་གྱེས་ཏེ་གཞན་ཡུལ་དུ། །

    སྐྱིད་འཚོ་བ་རོལ་རྒྱུ་བྱུང་ན་བསམས། །

    རང་ཡུལ་ལ་སྐྱིད་པོ་མི་འདུག་དྲན། །

    དུས་དེང་སང་ཡིད་ཀྱི་མེ་ལོང་དུ། །

    གངས་དཀར་པོ་རིག་ན་ཕ་ཡུལ་དྲན། །

    མཚོ་སྔོན་པོ་མཐོང་ན་ཕ་ཡུལ་དྲན། །

    རྟའི་འཚེར་སྐད་གོ་ན་ཕ་ཡུལ་དྲན། །

    སྤང་ཡངས་མོ་མཐོང་ན་ཕ་ཡུལ་དྲན། །

    དྲན་དྲན་མཐར་ང་ཡི་ཁྲག་རྒྱུན་དུ། །

    ངའི་འཐུང་ཆུ་གཙང་མ་འདྲེས་ཡོད་སྣང་། །

    ངའི་སྙིང་ཆུང་དམར་པོའི་ནམ་མཁའ་རུ། །

    སྡེ་ཆུང་ཆུང་རང་སྡེ་ཁྲ་མོ་འཁོར། །

    ངའི་མིག་ཟུང་གཟི་ཡི་དཀྱིལ་འཁོར་དུ། །

    སྦྲ་ནག་པོའི་དུ་ཞག་ལྷོག་ལྷོག་འཁོལ། །

    ངའི་དར་ལུང་རྣ་བའི་སྒོ་ཁ་རུ། །

    ཁྱི་རྒྱ་ལུའི་ཟུག་སྐད་ལྷང་ལྷང་གྲགས། །

    ངའི་དྲི་འཛིན་དབང་པོའི་སྒོ་མོ་རུ། །

    ཟས་ཤ་མར་དྲི་ངད་ཐུ་ལུ་ལུ། །

    མདོར་བསྡུས་ན་ཕ་ས་ཕ་ཡུལ་ནི། །

    ངའི་ཤ་ཁྲག་རུས་ཀྱི་གནས་ཚང་ཡིན། །

    ངའི་ཡིད་སེམས་དམར་པོའི་ལྡིང་ཁང་ཡིན། །

    ངའི་ཕ་མ་ཕུ་ནུའི་གནས་མལ་ལགས། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།