དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ནི་ཁོང་ལ་དགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཁས་གྲུབ།   |     སྤེལ་དུས།  2025-10-19

    གཞོན་ནུའི་ལང་ཚོའི་ལྗོན་ཤིང་ལ། །

    ལས་སློབ་གཉིས་ཀྱི་ཡལ་ག་རྒྱས། །

    ལས་འཕྲོས་དེད་པའི་མེ་ཏོག་བཞད། །

    དགའ་གྲོགས་གསེར་སྦྲང་གཞོན་ནུ་ལྡིང་། །


    ང་ནི་ཕོ་གསར་ཁོང་ལ་དགའ། །

    ཁོང་ནི་སྲོག་སྐྱོབ་སྨན་པ་རེད། །

    ཕྱི་ཡི་ལྷ་གོས་དར་ལས་དཀར། །

    ནང་གི་ཐུགས་སེམས་བལ་ལས་འཇམ། །


    ང་ནི་ཕོ་གསར་ཁོང་ལ་དགའ། །

    ཁོང་ནི་དགེ་བའི་བཤེས་གཉེན་རེད། །

    ཤེས་བྱ་གསེར་གྱི་སྒྲོན་མེ་ཡིས། །

    རྨོངས་པའི་མུན་པ་ཁོང་གིས་སེལ། །


    ང་ནི་ཕོ་གསར་ཁོང་ལ་དགའ། །

    ཁོང་ནི་དེད་དཔོན་ཆེན་མོ་རེད། །

    བརྒྱ་ལོར་པུ་ཏི་བཞིན་དུ་བརྩིགས། །

    གཞན་ཕན་བྱ་བ་རླབས་ཆེན་སྒྲུབ། །


    ང་ནི་ཕོ་གསར་ཁོང་ལ་དགའ། །

    ཁོང་ནི་སྒྱུ་རྩལ་མཁན་པོ་རེད། །

    སྐུ་གཟུགས་ལྡེམ་ཞིང་ཞལ་རས་དཀར། །

    སྐྱེ་འབྲས་གེ་སར་རྒྱལ་པོ་འདྲ། །


    ང་ནི་ཕོ་གསར་ཁོང་ལ་དགའ། །

    ཁོང་ནི་ང་ཡི་སྙིང་གྲོགས་ཡིན། །

    སེམས་པ་རེ་ལ་བློ་འདོད་རེ། །

    བློ་འདོད་རེ་ལ་སྙིང་གྲོགས་རེ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།