གསར་རྩོམ་དམངས་གཞས།
གཅིག
ཕྲེང་བ་ཕྲེང་ཐག་བཞིན་དུ། །ང་གཉིས་གཤིབ་རྒྱུ་བྱུང་ན། །མི་ཚེ་མཛུབ་རྩེའི་བར་ནས། །ཟད་ཀྱང་འགྱོད་པ་མི་འདུག །གློག་ཀླད་མཐེབ་གཞོང་བཞིན་དུ། ། གཤིབ་དགོས་སྔོན་མའི་ལས་རེད། །དེ་ལ་ཙིག་རྟགས་ནག་པོའི། །སྡོད་རོགས་མེད་ན་ཅང་ཅང་། །ཨ་གསར་རྟ་ལས་མགྱོགས་པ། །གཞུ་གུ་ལུག་ལས་ཐུང་བ། །ན་ནིང་འདྲིས་པའི་བྱམས་པ། །ད་ལོ་དུག་ཤིང་ཚེར་མ། ། གྲུ་དང་སྐྱ་བ་བཞིན་དུ། །མི་ཚེ་སྐྱེལ་རྒྱུ་བྱུང་ན། །བར་ཆད་རླུང་འཚུབ་ནག་པོ། །འགྲིམ་དགོས་འགྱོད་པ་མི་འདུག །ཆུང་འདྲིས་ཁ་ལ་འཁྱེར་ཡོད། །གཏན་གྲོགས་སེམས་ལ་ཉར་ཡོད། །ཟུར་བསྟེན་དགོངས་པ་མ་ཚོམས། །ཁ་ཞེ་གཉིས་ཀར་མེད་དོ། །སེམས་ཀྱི་རྟ་ཕོ་ཤོར་སོང་། །རྟ་ཕོའི་སྲབ་ཁ་ཤོར་སོང་། །མཛེས་མ་གར་འགྲོའི་ས་ལ། །རྨིག་རྗེས་ཡང་ཡང་བཞག་ཡོད། །
མེ་ཏོག་འཚོང་མཁན་མཛེས་མ། །མེ་ཏོག་ལས་ཀྱང་མཚར་བ། །ལྷད་མེད་མེ་ཏོག་བཞིན་དུ། །འཛུམ་ཞལ་ལྷུག་པོར་གྲོལ་རོགས། །མེ་ཏོག་རྐང་རྡོག་རེ་ལ། །སྒོར་མོ་བཅུ་རེ་སྤྲད་ཡོད། །ལྷད་མེད་མེ་ཏོག་བཞིན་གྱི། ། གཤིས་རྒྱུད་ཁྱེད་ལ་ཨེ་ཡོད། །ཤོ་མིག་གྲུ་བཞི་གཤིབ་གཤིབ། །ང་གཉིས་གཤིབ་རྒྱུ་བྱུང་ན། །ཤོ་ཕོར་སྒོར་སྒོར་ནང་ལ། །དཀྲུགས་ཀྱང་འགྱོད་པ་མི་འདུག །
གཉིས།
བདུད་རྩི་ཆང་གི་བྲོ་བ། །ཁ་ལ་ཞིམ་པོ་ཡོད་ཀྱང་། ། གསུམ་སྒྲོན་མཉེས་དག་རྒྱག་དུས། །ཁོག་ནས་སྐྱུག་མེར་ལངས་བྱུང་། །ཆང་མ་མཆོད་ཤེད་ཆེ་བ། །ཆང་གཞས་དེ་ལས་སྙན་པ། །ཆང་གཞས་སྙན་དང་མ་སྙན། །ང་སེམས་རྦད་དེ་མྱོས་སོང་། །སུག་གུ་གནམ་ལ་བསླངས་ན། །པ་ར་མདའ་ལས་འདྲོང་བ། །པ་ར་འདྲོང་དང་མ་འདྲོང་། །སྐོར་ཐེངས་གསུམ་ལ་བཟི་སོང་། །སྦག་ཅོག་གྲུ་བཞིའི་སྒང་ལ། །དང་པོ་མཐུན་པ་སྤུན་བཞི། ། བདུད་རྩི་ཆང་གིས་མྱོས་དུས། །ཡ་མེད་སྟག་སེང་ཁྱུང་འབྲུག །
(མུ་མཐུད་འགོད་རྒྱུ)
འབྲེལ་ཡོད་གསར་འགྱུར།