སྐེ་ཕྲུག
ལག་ཏུ་ལྟོ་ཕད་ནག་པོ་འཁྱེར་བའི་མི་ཞིག་ཇ་ཁང་དུ་འཛུལ་ནས་ལྕགས་ཐབ་ཀྱི་འགྲམ་དུ་བསྡད། ཁོས་གཡས་གཡོན་ལ་ལྟ་ཙམ་བྱས་རྗེས། ལྷ་མོ། ཇ་ཉིས་དམ་གཅིག་སྐྱེལ་རོགས་ཞེས་སྐད་བརྒྱབ།
ལྷ་མོ་ནི་ཇ་ཁང་དེའི་སྦྱིན་བདག་རེད། ཁོ་མོ་སྤྱང་གྲུང་ལྡན་ཞིང་རྣམ་འགྱུར་ལེགས་པ་དང་བྱད་བཞིན་ཡང་མི་ལ་སྨོན་མི་དགོས་པ་ཞིག་ཡོད་ཅིང་། ནམ་རྒྱུན་རྒྱན་ཆར་དང་དོད་ཆེན་པོ་བྱེད། ལྷ་མོས་ཇ་ཉིས་དམ་ཞིག་ནས་མི་དེར་ཇ་ཕོར་གང་བླུགས་རྗེས་ཁོའི་འགྲམ་དུ་བསྡད་དེ། ཅོག་ནོར་རྒྱས། གང་དུ་སོང་བ་ཡིན། དེ་རིང་ཚོང་གང་འདྲ་བྱུང་ཞེས་དྲིས། ང་ཆུ་ལུང་གྲོང་ཚོར་སོང་བ་ཡིན། དེ་རིང་ཡིན་ན་ཚོང་ཆུང་ཡིན་བསམས་པ་ཞིག་བརྒྱབ་པ་ཡིན་ཞེས་བཤད་དེ་ལྟོ་ཕད་ནག་པོ་ཞིག་ལས་བྱུ་ཞགས་ཤིག་བཏོན། ལྷ་མོས། ཨ་མ་མ། བྱུ་ཞགས་ཆུང་ཆུང་སྙིང་རྗེ་མོ་ཞིག་འདུག འདི་ལ་ག་ཚོད་རེད་ཅེས་མིག་ཧྲིག་ཧྲིག་ངང་བཤད། རང་ལ་དགོས་ན་ཁྲི་དྲུག་བྱོས། གོང་ཤུལ་ཡིན། འདི་གྲོང་གསར་ཟེར་བའི་མི་ཚང་ཞིག་ནས་ཉོས་པ་ཡིན། བྱུ་རུ་ཚང་མ་ཉུང་མཐར་ལོ་གསུམ་བརྒྱ་ལྷག་ཙམ་ཕྱིན་པ་ཤ་སྟག་རེད། ཆུང་ཆུང་ཡིན་ནའང་སྤུས་དག་པོ་ཡོད། རང་ལྟོས་དང་ཞེས་བརྗོད། ལྷ་མོས་བྱུ་རུ་དེ་དག་ལ་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེས་རང་གི་སྐེ་ལ་བཏགས་ནས། ཅོག སྙིང་རྗེ་པོ་འདུག་གམ་ཞེས་དྲིས། འོ་ཙི། རང་གིས་བཏགས་ན་སྙིང་རྗེ་པོ་ཡོད་དགོས་བྱུང་། ད་ཡིན་ན་གཡང་རྩེའི་སྟེང་ལ་ཡལ་སྒྲོན་རང་རེད་ཅེས་བུ་རམ་དང་འདྲ་བའི་སྐད་ཆ་སྙན་མོ་གཅིག་རྗེས་གཉིས་མཐུད་ཀྱིས་བཤད། སྐབས་དེར། མི་འགའ་ཤས་ཀྱིས། ལྷ་མོ། ཇ་ལྔ་དམ་གཅིག བུལ་ཐུག་ཕོར་པ་ལྔ། ཤ་བག་ལེབ་ལྔ། སོན་ལ་ཕུག་གཅིག་ཅེས་སྐད་བརྒྱབ་པས། ལྷ་མོས། ཅོག ལྷོད་ལྷོད་བྱས་ནས་སྡོད་ཨང་། ཏོག་ཙམ་ནས་སྐད་ཆ་ཡོང་ཞེས་བཤད་དེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སོང་།
དགོང་མོ་དེར། ལྷ་མོས་ནང་མི་ཚོར་ནོར་རྒྱས་ལ་བྱུ་ཞགས་ཆུང་ཆུང་ཞིག་ཡོད་པར་སྒོར་ཁྲི་དྲུག་བྱས་ནས་འཚོང་གི་ཡིན་ཚུལ་དང་། དེར་ཁེ་བཟང་གཅིག་ཀྱང་མེད་ཚུལ་བཅས་གླེང་བ་ལ། སྒྲོལ་མས། བྱུ་རུ་དེ་དག་ངོ་མ་ཡིན་ནམ། ཁྲོམ་རའི་ཐོག་གི་བྱུ་རུ་དེ་ཚོ་དང་གཅིག་པ་མིན་ནམ། གཟབ་གཟབ་མ་བྱས་ན་རྫུན་མ་བཙོངས་པའི་ཉེན་ཁ་ཡོད། ལོ་འགའ་ཤས་ཀྱི་སྔོན་ལ་གཙང་གི་ལུང་པ་ཞིག་ཏུ་གནས་ཚུལ་འདི་འདྲ་ཞིག་བྱུང་འདུག་ཅེས་ཤོད་འགོ་ཚུགས།
ཁོའི་མིང་ལ་རྡོ་རྗེ་ཟེར། ཡུལ་དེ་རུ་ཁྱིམ་ཚང་གི་འབྱོར་པ་འབྲིང་གྲས་སུ་གཏོགས། ཁོ་རང་ནམ་རྒྱུན་ནས་ཚོང་ཙག་ཙིག་རྒྱག་པར་དགའ། ཉིན་ཞིག་ཁོ་རང་ལུང་པ་གཞན་ཞིག་ཏུ་ཚོང་ལ་སོང་། ཁོས་ཁྱིམ་ཚང་ཞིག་གི་སྒོ་ཁར་སོང་ནས། སྐེ་ཕྲུག་གཟིགས། སྐེ་ཕྲུག་སྤུས་དག་ཡིན་ཞེས་སྐད་བརྒྱབ་པར། ཁྱིམ་ཚང་དེ་ནས་མགོ་ལ་སྐྲ་གཞུག་དཀྲིས་པའི་མི་སྟོབས་ཆེན་ཞིག་དོན་ཡོང་ནས། སུ་ཡིན་ནམ། ག་རེ་བྱེད་མཁན་ཡིན་ཞེས་དྲིས། བདག་གཙང་ནས་ཡིན། ཨ་མ་རྒན་མོ་ཞིག་ཡོད་པ་ཁོང་ད་ལོ་གྲོངས་སོང་། ཨ་མ་གྲོངས་ཁར་མོ་རང་གི་སྐེ་ཕྲུག་འདི་བཙོངས་ནས་ཇོ་བོའི་ཞལ་གསེར་དང་ན་བཟའ་བརྗེ་རོགས་ཟེར། ང་རང་ཁྱིམ་གྱི་ཕྲུ་གུའི་རྒན་མགོ་ཡིན་པས་དེ་ཚོང་དུ་ཡོང་དགོས་བྱུང་། སྐུ་མཁྱེན། ཁྱེད་རང་ལ་སྐེ་ཕྲུག་དགོས་ན་འདི་གཟིགས་རོགས། ཕ་མེས་ནས་བརྒྱུད་པའི་སྐེ་ཕྲུག་ཡིན་པས་སྤུས་དག་པོ་ཡོད་ཅེས་མིག་ཆུ་འཛར་འཛར་ངང་བཤད། ཨ་ཁ། སྙིང་རྗེ། སྐེ་ཕྲུག་འདི་ལ་ག་ཚོད་རེད། མ་གཞི་བྱས་ན་སྒོར་ཁྲི་ཉི་ཤུ་ལྷག་ཙམ་རི་བ་ཡོད་ཟེར་གྱི་འདུག ཡིན་ནའང་། ཨ་མ་འདས་མོའི་སོང་ཙང་ཁེ་བཟང་ཟ་གི་མིན། ཁྱེད་རང་ལ་དགོས་ངེས་ཡིན་ན་སྒོར་ཁྲི་བཅོ་ལྔ་བྱས་ནས་བཙོངས་ཆོག་ཅེས་བཤད་པས། མི་དེས་སྐེ་ཕྲུག་དེར་ནན་གྱིས་བལྟས་ཏེ་ན་རེ། བྱུ་རུ་འདི་དག་ངོ་མ་ཡིན་ནམ་ཞེས་དྲིས་པར། ཁོས། འོ་ཙི་རྒན་ལགས། བདག་གིས་དྲིན་ཆེན་ཨ་མ་ཁ་རུ་ཁྱེར་ནས་སྐྱག་རྫུན་ག་ནས་ཤོད་ཕོད། ཁྱེད་རང་ལ་མི་དགོས་ན་མི་གཞན་ལ་འཚོང་གི་ཡིན། བཀའ་མོལ་འདི་འདྲ་གསུང་མཁན་ག་པར་ཡོད་ཅེས་བཤད། སྐབས་དེར། མི་དེས་རྡོ་རྗེའི་དཔུང་པར་ཐུག་ཐུག་གཞུས་ཏེ། དགོངས་པ་མ་ཚོམས། ངས་སྐད་ཆ་ཤོད་སྟངས་ནོར་སོང་། ཁྲི་བཅོ་ལྔ་བྱས་ན་གོང་ཅུང་མཐོ་དྲགས་འདུག གལ་ཏེ་སྒོར་ཁྲི་བཅུ་གསུམ་བྱས་ན་ངས་ཉོས་ཆོག ངའི་བུ་མོར་རྒྱན་ཆ་འདི་འདྲ་ཞིག་དགོས་ཞེས་བཤད། རྡོ་རྗེས་མིག་ཆུ་འཕྱིས་ཏེ་སྐད་ཆུང་ངུས། འོ་ལགས་སེ། ད་བདག་ཀྱང་ཁྱིམ་ཚང་ཚང་མའི་སྒོ་རྩར་ཕྱིན་ན་དཀའ་ལས་ཁག་རོགས་རེད། རྒན་ལགས་ཁྱེད་རང་ཡང་རྒྱུ་ཉམས་ཆོད་མཁན་ཞིག་རེད་འདུག བདག་གི་ཕ་མེས་ཀྱི་སྐེ་ཕྲུག་འདིའི་འགྲོ་སའང་ནོར་མི་འདུག ཨ་མ་འདས་མོའི་བསམ་དོན་ཡང་འགྲུབ་སོང་ཞེས་བརྗོད་རྗེས། སྐེ་ཕྲུག་དེ་རས་དམར་པོ་ཞིག་གིས་འདྲིལ་ཏེ་མི་དེའི་ལག་ཏུ་སྤྲད། མི་དེས་ཀྱང་འཛུམ་དམུལ་དམུལ་གྱིས། ངའི་བུ་མོར་སྔ་ས་ནས་རྒྱན་ཆ་འདི་འདྲ་ཞིག་ཉོ་བསམ་ཡོད། དེ་རིང་ཡག་པོ་བྱུང་སོང་། སྔོན་ལ་ཁྱེད་རང་ཁྱིམ་དུ་གསོལ་ཇར་ཕེབས་ཞེས་བཤད་ཀྱང་། རྡོ་རྗེས་དོ་ནུབ་ལྷ་སར་སླེབས་པ་བྱེད་དགོས་ཡོད། སང་ཞོགས་སྔ་པོ་ནས་ཇོ་ཁང་དུ་འགྲོ་མཁན་ཡིན་ཞེས་བཤད་པས། མི་དེས་ཀྱང་ཨུ་ཚུགས་མ་བྱས་པར། ལགས་སོ། འོ་ན་ཏོག་ཙམ་སྒུགས་ཨང་། ངས་དངུལ་ལེན་པར་ཕྱིན་ཆོག་ཅེས་བཤད་དེ་ཁྱིམ་དུ་འཛུལ།
ཡུད་ཙམ་སོང་རྗེས། མི་དེས་ཁུག་མ་དཀར་པོ་ཞིག་ལས་ཁྲི་ཆག་བཅུ་གསུམ་བཏོན་ནས་རྡོ་རྗེར་སྤྲད་རྗེས། ཁྱེད་རང་གིས་རྩིས་ཤིག་རྒྱོབ་དང་། འདིར་སྒོར་ཁྲི་བཅུ་གསུམ་ཏག་ཏག་ཡོད་ཅེས་བཤད་པར། རྡོ་རྗེས། འོ་ཙི། རྒན་ལགས། རྩིས་རྒྱག་དགོས་ག་ལ་ཡོད། ཁྱེད་རང་ལ་ཡིད་ཆེས་ཡོད་ཅེས་བཤད་དེ། སྒོར་ཁྲི་བཅུ་གསུམ་པོ་རྩིད་པས་བཏགས་པའི་ལྟོ་ཕད་ནག་ཁྲ་དེར་བླུགས་རྗེས། རྒན་ལགས། བཀའ་དྲིན་ཆེ། ད་བདག་དགོངས་པ་ཞུ་གི་ཡིན། བཞུགས་གདན་འཇགས་ཞེས་བཤད་དེ་ཤར་རེར་སོང་།
ཉིན་ཤས་སོང་རྗེས་རྡོ་རྗེ་ཕ་ཡུལ་དུ་འབྱོར། ཁོས་ཕ་ཡུལ་གྱི་ཇ་ཁང་ཞིག་ཏུ་སོང་ནས་ལྟག་པ་དགྱེ་དགྱེ་ངང་། ད་རེས་ངས་ཚོང་དྲ་མ་ཞིག་བརྒྱབ་ཡོད། སྒོར་སྟོང་ཕྲག་འགའ་ཤས་ལས་མི་རི་བའི་སྐེ་ཕྲུག་ཅིག་སྒོར་ཁྲི་བཅུ་གསུམ་ལ་བཙོངས་པ་ཡིན་ཞེས་བཤད། འོན་ཀྱང་། མི་ཚོས་མི་ཤེས་པ་ནི་རྡོ་རྗེས་སྐེ་ཕྲུག་དེ་ཇི་ལྟར་བཙོངས་ཡོད་མེད་ཀྱི་གནས་ཚུལ་དེ་ཡིན་ཞིང་། ཁོས་ཨ་མ་འདས་པོར་ཁ་གཡར་ནས་བཙོངས་ཚུལ་དེ་ཕྱིས་སུ་ཁོ་རང་གི་ཨ་ཅེའི་ཁ་ནས་གང་སར་ཁྱབ།
སྒྲོལ་མས་གནས་ཚུལ་དེ་བཤད་ཟིན་རྗེས། ཚོང་པས་གཙོ་བོ་ཁེ་བཟང་ལ་དམིགས་ཀྱི་རེད། ཉེ་པོ་ག་ཚོད་ཡོད་ནའང་ཁེ་བཟང་སྐར་མ་གང་མེད་པའི་ཚོང་ག་ལ་རྒྱག་ཅེས་ནན་གྱིས་བཤད་མོད། ལྷ་མོས། དེ་འདྲ་བྱེད་སྲིད་ཀྱི་མ་རེད། ཅོག་ནོར་རྒྱས་ང་རང་ཚོའི་སྤུན་མཆེད་ཡིན་པ་གང་ཞིག ངས་འབྲེལ་འདྲིས་བྱས་ནས་ལོ་དུ་མ་སོང་། ད་དུང་ཁོ་ཡུལ་འདི་རང་གི་མི་ཡིན་པས་སྐྱག་རྫུན་ཤོད་མི་སྲིད། སྒྲོལ་མ་རང་ལ་དགོས་ན་ངས་འབྲེལ་བ་བྱས་ཆོག་ཅེས་བཤད་པར། སྒྲོལ་མས་བསམ་བློ་ཞིག་བཏང་རྗེས། འོ་ཡོ་ཡོ། འོ་ན་སང་ཉིན་ཅོག་ལ་འབྲེལ་བ་ཞིག་བྱེད་རོགས། སྔོན་ལ་གཅིག་བལྟ་གི་ཡིན་ཞེས་བཤད།
སང་ཉིན་དེར་ནོར་རྒྱས་སྔར་རྒྱུན་བཞིན་ལྷ་མོའི་ཇ་ཁང་དུ་བསླེབས། ཁོས་ལྟོ་ཕད་ནག་པོ་དེ་གཡས་སུ་བཞག་རྗེས་ཇ་ཉིས་དམ་ཞིག་བླངས། ལྷ་མོས། ཅོག་ཞོགས་པ་བདེ་ལེགས། ཁ་སང་གི་སྐེ་ཕྲུག་དེ་བཙོངས་ཟིན་ནམ། ད་ལྟ་འཚོང་རྒྱུ་ཡིན་ན་སྒྲོལ་མས་ལྟ་འདོད་འདུག་ཟེར་གྱིས་ཞེས་བཤད་པས། འོ་ཡ། ད་ལྟ་འཚོང་རྒྱུ་ཡིན། སྒྲོལ་མ་གང་དུ་སོང་། མོ་རང་ཉོ་འདོད་ན་ངས་གོང་ཤུལ་བྱས་ནས་བཙོངས་ཆོག ང་རང་ཚོ་སྤུན་མཆེད་གཅིག་པ་རེད་ཅེས་བཤད།
སྒྲོལ་མ་ནི་ལས་བྱེད་པ་ཞིག་ཡིན་ཞིང་། ཁ་ངོ་སྐྱེ་འབྲས་མཚར་བའི་ཁར། ཡོན་ཚད་ཀྱང་ཡག་པོ་ཡོད་པས། ལས་ཁུངས་ནང་ཀུན་གྱི་སྨོན་ཡུལ་དུ་གྱུར། མ་གཞི་རིག་གནས་པ་ཞིག་གི་ངོས་ནས་རྒྱན་ཆའི་རིགས་ལ་དེ་ཙམ་སྣང་བ་གཏོང་རིན་མེད་མོད། འོན་ཏེ། སྒྲོལ་མའང་བུད་མེད་གཅིག་ཡིན་པའི་ངོས་ནས། རང་ལའང་ཁ་ལ་འཚམ་པའི་སོ་ལྟ་བུའི་རྒྱན་ཆ་ཞིག་དགོས་འདོད་ལོས་ཡོད། སྒྲོལ་མ་ཇ་ཁང་དུ་སླེབས་རྗེས། ཇ་ཉིས་དམ་ཞིག་འཁྱེར་ནས་ཐད་ཀར་ནོར་རྒྱས་ཀྱི་གམ་དུ་སོང་། ཁམས་བཟང་ཅོག དེང་སང་ཚོང་གང་འདྲ་འདུག་ཅེས་དྲིས། འོ་འོ། བཟང་བཟང་། ཚོང་དེ་འདྲ་དེ་འདྲ་རེད། སྡོད་དང་ཞེས་སྒྲོལ་མར་ཇ་བླུགས། རང་གང་འདྲ་འདུག དེང་སང་ལས་ཁུངས་ལ་ལས་ཀ་མང་པོ་འདུག་གམ། ང་དེང་སང་ངལ་གསོ་ཡིན། ད་ངལ་གསོ་ཉིན་བཅུ་གྲངས་ལས་ལྷག་མི་འདུག་ཅེས་བཤད་དེ་ཇ་བླུགས། སྐར་མ་འགའ་ཤས་ནས་ལྷ་མོ་ཡང་ཁོ་གཉིས་སར་འབྱོར་བས། སྐེ་ཕྲུག་དེའི་སྐོར་ལབ་གླེང་བྱེད་འགོ་ཚུགས།
ནོར་རྒྱས་ཀྱིས་རས་དམར་པོས་འདྲིལ་བའི་སྐེ་ཕྲུག་དེ་སྒྲོལ་མར་སྤྲད་དེ་ན་རེ། སྐེ་ཕྲུག་འདིའི་སྤུས་ཚད་ལ་རང་སེམས་ཁྲལ་སྤུ་ཙམ་ཡང་བྱེད་མི་དགོས། རྒྱུ་ཉམས་ཆོད་མཁན་སུ་ལ་དྲིས་ཀྱང་སྣང་དག་མེད། ངས་ཚུར་ཉོ་དུས་སྒོར་ཁྲི་དྲུག་སྤྲད་པ་ཡིན། གོང་ཤུལ་བྱས་ཏེ་རང་ལ་བཙོངས་ཆོག མི་གཞན་ཡིན་ན་ངས་སྒོར་ཁྲི་བཅུ་གྲངས་རྒྱག་ཐག་ཆོད་རེད། ང་རང་ཚོ་སྤུན་མཆེད་ཡིན་དུས་ཐད་ཀར་ལབ་པ་ཡིན། ཁ་ཉིན་ལྷ་མོ་ལའང་དེ་ལྟར་ལབ་པ་ཡིན་ཞེས་ཡིན་མདོག་ཁ་པོས་བཤད།
སྒྲོལ་མས་སྐེ་ཕྲུག་དེར་གཡས་ལྟ་གཡོན་ལྟ་ཞིག་བྱས། ད་ངས་ངོ་མ་དང་རྫུན་མ་དབྱེ་བ་འབྱེད་ཤེས་ཀྱི་མ་རེད། ཅོག་རང་ལ་ཡིད་ཆེས་ཡོད། ཡིན་ནའང་། སྐེ་ཕྲུག་ཆུང་ཆུང་འདི་འདྲར་སྒོར་ཁྲི་དྲུག་དགོས་ཟེར་ན་ཅུང་མཐོ་དྲགས་པ་མ་རེད་དམ། བྱུ་རུ་རེ་གཉིས་ཕུད་མང་ཆེ་བ་ཆུང་ཆུང་ཤ་སྟག་རེད། གཅིག གཉིས། གསུམ། བྱུ་རུ་ཁྱོན་བཞི་བཅུ་འདུག་ཅེས་བསྒམ་ནན་གྱིས་བཤད། འོ་ཙི། སྒྲོལ་མ། བྱུ་རུ་ཆུང་ཡང་ལོ་ངོ་བརྒྱ་ཕྲག་སོང་བ་ཤ་སྟག་རེད། རང་གིས་སྐེ་ཕྲུག་འདི་ཉོས་ན་ཚེ་གང་སྐེ་ལ་འདོགས་ཆོག་གི་རེད། ཕྱིས་སུ་རང་གི་བུ་ཕྲུག་ལའང་གཡང་རྟེན་གྱི་ཚུལ་དུ་བཞག་ཆོག ཁྲི་དྲུག་རང་གི་ཟླ་བ་ཁ་ཤས་ཀྱི་གླ་ཆ་རེད། ངས་ང་རང་གཉིས་སྤུན་མཆེད་ཉེ་པོ་ཡིན་ཙང་གོང་ཤུལ་བྱས་ཉོས་ན་ཡག་པོ་ཡོད་རེད་ཟེར་གྱི་ཡོད་ཅེས་བཤད་པས། སྒྲོལ་མས་ཀྱང་མགོ་བོ་ལྕོག་ལྕོག་བྱས། སྐབས་དེར་ལྷ་མོས། འོ་རེད། སྒྲོལ་མ། ཅོག་གིས་ང་རང་གཉིས་ལ་ཡག་ཡག་བྱས་པ་རེད། ང་རང་ཉོ་འདོད་ཆེན་པོ་ཡོད། ཡིན་ནའང་། ཇ་ཁང་གི་ཚོང་དེ་ཙམ་ཡག་པོ་མེད་པས་དངུལ་ཁ་ཐང་ཙམ་འདུག རང་དངུལ་ལ་སེམས་ཁྲལ་ནི་ཡོད་མ་རེད་ཅེས་སྨྲས་པས། སྒྲོལ་མས་ཀྱང་། རེད་རེད། ཅོག སྐེ་ཕྲུག་འདི་ཉོ་གི་ཡིན། དངུལ་སྐད་འཕྲིན་ནས་ཅོག་རང་ལ་བསྐུར་ཡོང་ཞེས་བཤད།
སྒྲོལ་མ་ཁྱིམ་དུ་འབྱོར་རྗེས་ཨ་ཕ་དང་ཨ་མར་སྐེ་ཕྲུག་བསྟན་ནས། འདི་ཅོག་ནོར་རྒྱས་ཀྱི་ལག་ནས་ཉོས་པ་ཡིན། ཁ་ཉིན་ཨ་ཅག་ལྷ་མོས་ཟེར་བ་དེ་རེད་ཅེས་དགའ་ཚོར་ཆེན་པོས་བཤད་པས། འོ་ཙི། ཨ་ཕར་ལབ་དགོས་རེད་པཱ། ངས་ཉོ་རོགས་བྱེད་ཀྱི་རེད། མ་གཞི་ངས་ཀྱང་བྱུ་རུའི་ཡག་སྡུག་ཤེས་ཀྱི་མེད། དེང་སང་བྱུ་རུ་མང་པོ་སྔོན་མའི་བྱུ་རུ་དང་གཅིག་པ་གཅིག་ཀྱང་བཟོས་འདུག་ཟེར། ཁ་ཉིན་ཅོག་རབ་རྒྱས་ཀྱིས་བྱུ་རུའི་སྐེ་ཕྲུག་ཅིག་ཉོས་པ་དེ་ལྷ་སར་བརྟག་དཔྱད་བྱས་པ་བརྒྱུད། དེང་སང་གི་བྱུ་རུ་ཡིན་པ་ར་སྤྲོད་བྱས་འདུག དངོས་གནས་བྱས་ན་སྟོང་ཕྲག་འགའ་ཤས་ཀྱི་རིན་ཐང་ལས་མེད་ཟེར། རབ་རྒྱས་ཀྱིས་གཞན་གྱི་ལག་ནས་ཉོ་དུས་སྒོར་ཁྲི་བརྒྱད་ལྷག་ཙམ་སྤྲད། ད་བུ་མོ་རང་ལའང་མགོ་སྐོར་བཏང་ཡོད་ཀྱི་རེད། མ་གཞི་མགོ་སྐོར་བཏང་ཨེ་ཡོང་། ནོར་རྒྱས་ང་རང་ཚོའི་སྤུན་མཆེད་རེད་ཅེས་བཤད་དེ་བྱུ་རུའི་སྐེ་ཕྲུག་དེར་ནན་གྱིས་བལྟས། དེའི་ཚེ་ཨ་མ་བདེ་སྐྱིད་ཀྱིས་སྒྲོག་ཙེའི་སྟེང་ཕྱིས་བདར་རྒྱག་བཞིན། ད་ཁྲི་དྲུག་ཙམ་སྤྲད། ལོ་གཅིག་ལ་ཐེངས་གཅིག་རེ་ཟུང་ལས་འདོགས་ས་མེད་པའི་ཁར། ཉིན་མ་རྟག་པར་བརླག་མི་ཡོང་སྙམ་པའི་སེམས་ཁྲལ་བྱེད་དགོས། དངུལ་ཏོག་ཙམ་བྱུང་ན་བསགས་བསགས་གྲུང་གྲུང་གྱིས། ཁང་པ་ཉོ་དགོས་རེད། ཕྲུ་གུ་ལའང་དགོས་རེད། མི་ཟེར་མཁན་ནི་གཅིག་བྱུང་ན་གཉིས་རེད། ད་རེས་ཉོས་ཟིན་པ་རེད། རྗེས་མ་དེ་འདྲའི་རིགས་ལ་དངུལ་གཏོང་དགོས་མ་རེད་ཅེས་ཡང་དུ་བཤད་པས། ཨ་མ་ད་མ་ཤོད་དང་། ད་འདིས་རྒྱགས་ཚད་ཡིན། རྗེས་མ་ནས་དེ་འདྲ་རྩ་བ་ནས་ཉོ་གི་མིན། བུ་མོ་ཟེར་མཁན་འདིར་རྒྱན་ཆ་ཏོག་ཙམ་དགོས་ངེས་རེད་ཅེས་བཤད།
དེའི་ནུབ་མོར་སྒྲོལ་མས་སྐེ་ཕྲུག་དེ་བཏགས་ནས་ཉལ་བར། སྐེ་ཕྲུག་དེར་ལག་པ་འཇུས་འཇུས་པར་གཉིད་ལ་ཡུར། མགོ་ལ་སྐྲ་གཞུག་དཀྲིས། ཕྱུ་པ་སྨུག་པོ་གྱོན་པའི་མི་སྟོབས་ཆེན་ཞིག་གིས་སྒྲོལ་མའི་སྐེ་ཕྲུག་དེར་འཇུས་ཏེ། བུ་མོ། འདི་ང་ལ་ཚོང་ངམ། ངས་སྒོར་ཁྲི་གཉིས་སྤྲད་ཆོག་ཅེས་བཤད། ཧ་ཧ། སྒོར་ཁྲི་བཅུ་སྤྲད་ན་བཙོངས་ཆོག ངའི་སྐེ་ཕྲུག་འདི་རྙིང་པ་རྙིང་རྐྱང་ཡིན་ཞེས་བཤད་པས། མི་དེས་ཧབ་ཆ་དིར་དིར་དུ་དགོད་ཀྱིན་ཕྱུ་པའི་ཕུ་ཐུང་དེར་བརྡབ་བརྡབ་ཅིག་བཏང་ནས་སོང་། ཡུད་ཙམ་སོང་རྗེས། མི་གཟུགས་ངོ་མ་མངོན་རྒྱུ་མེད་པའི་ལག་པ་འཇམ་པོ་ཞིག་གིས་སྒྲོལ་མའི་སྐེ་ཕྲུག་དེ་དལ་གྱིས་བཀྲོལ་བས། མོ་རང་ཧོབ་སྟེ་གཉིད་ལས་སད། སྒྲོལ་མས་ལག་པ་སྐེ་ཕྲུག་ལ་འཆང་ཞོར་དེར་ལྟ་ཙམ་བྱས་ཏེ། ད་ངས་སེམས་ཁྲལ་སྐེ་གང་ཉོས་འདུག་ཅེས་དབུགས་རིང་ནར་ནར་དུ་གཏོང་གིན་བརྗོད་པ་དང་། ཡང་ཡུད་ཙམ་ནས་ཅི་ཞིག་དྲན་གསོས་པ་ལྟར། འོ་རེད། ངས་ནོར་རྒྱས་སྤུན་མཆེད་ཡིན་པ་ལས་ཚོང་པ་ཞིག་ཡིན་པ་གཏན་ནས་བརྗེད་པ་རེད་ཅེས་ཆིག་ལབ་རྒྱག་ཞོར་སླར་ཡང་ཉལ་འགོ་བརྩམས།
འབྲེལ་ཡོད་གསར་འགྱུར།