ཤན་རྩའི་བལ་གླུའི་རིག་གནས་སྐོར་གླེང་བ།
ཤན་རྩ་རྫོང་ཐར་མ་ཤང་གྲོང་ཚོ་དྲུག་པའི་བལ་འབྲེག་བཞིན་པ།
ཤན་རྩ་རྫོང་འཁྱག་ཤང་གི་བལ་འབྲེག་པའི་རྣམ་པ་ཡིན་པ།
ཤན་རྩ་རྫོང་ནི་འབྲོག་ལས་རྐྱང་པར་བརྟེན་ནས་འཚོ་གཉེར་བྱེད་པ་གང་ཞིག ལོ་རྒྱུས་ཡུན་རིང་ལྡན་པའི་རྫོང་ཞིག་ཀྱང་རེད། དེ་ནི་2016ལོར་གསར་རྙེད་བྱུང་བའི་ཉ་དེའུ་རྡོ་ཆས་དང་། དེ་བཞིན་གྲུབ་ཐོབ་ཁྲ་ཚང་འབྲུག་ལྷ་དང་རྒྱ་གར་ཕ་དམ་པའི་ལོ་རྒྱུས་སོགས་ཀྱིས་ར་སྤྲོད་བྱེད་ཐུབ། ལྷག་པར་དུ་གནས་དེར་དུས་ཡུན་ལོ་ངོ་སྟོང་ཕྲག་དུ་མར་འབྲོག་ལས་ཐོན་སྐྱེད་ལ་བརྟེན་ནས་འཚོ་གནས་བྱེད་པའི་རྒྱུན་ད་ལྟའི་བར་ཆད་མ་མྱོང་བས། ད་ལྟའི་ཆར་འབྲོག་པའི་སྲོལ་རྒྱུན་གྱི་ལག་ཤེས་དང་། དམངས་སྲོལ་རིག་གནས། གླུ་གར་གཏམ་གསུམ་སོགས་ཀྱི་བང་མཛོད་ལྟ་བུ་ཞིག་ཀྱང་ཆགས་ཡོད།
དེ་ལྟའི་རྔམས་མཐུག་པའི་འབྲོག་པའི་སྲོལ་རྒྱུན་རིག་གནས་དེ་དག་གི་ཁྲོད་ནས། བལ་གླུ་ནི་ཆེས་རིན་ཐང་ཆེ་བའི་ལས་གླུའི་བྱེ་བྲག་ཅིག་རེད། དེས་འབྲོག་པ་མང་ཚོགས་ཀྱི་བལ་འབྲེག་སྐབས་ཀྱི་སེམས་པའི་འདུ་ཤེས་དུ་མ་ཞིག་སྙན་འཇེབས་ཚིག་གི་སྦྱོར་བ་དལ་ལ་རིང་བའི་གདངས་དང་བཅས་ཏེ་མཚོན་པར་བྱེད་ཀྱི་ཡོད། ང་ཚོའི་བལ་འབྲེག་པའི་དུས་ཚོད་ནི་ཁ་རྒྱུན་ལ། “ཝ་ཆར་ཟིམ་ཟིམ་ལ། གཡང་མོ་བལ་འབྲེག”ཅེས་པ་ལྟར་ལོ་རེའི་བོད་ཟླ་དྲུག་པའི་ཝ་ཞག་བཅོ་ལྔའི་ནང་འབྲེག་ལ། འདིར་བལ་གླུའི་བརྗོད་བྱ་དོན་གྱི་ཆ་དང་རིན་ཐང་སྐོར་རགས་ཙམ་གླེང་ན།
དང་པོ། ཤན་རྩའི་བལ་གླུའི་གླུ་ཚིག་གི་ནང་དོན་སྤྱིར་བཤད་པ།
བལ་གླུའི་གླུ་ཚིག་དེ་བརྗོད་བྱ་མི་འདྲ་བ་ཁག་གསུམ་ཙམ་ནས་བརྗོད་ན། དང་པོ། སྐབས་བབ་ཀྱི་བལ་འབྲེག་བཞིན་པའི་རྣམ་པ་དེ་གསོན་ཉམས་ངང་བརྗོད་པ། དཔེར་ན། “བལ་འབྲེག་ལེའི་འབྲེག་སྟངས་མ་ཤེས་ན། །དཔུང་སོག་པ་གཉིས་པོ་རུབ་ཙམ་བྱེད། །གྲང་ནུ་མ་གཉིས་པོ་དགྱེ་ཙམ་བྱེད། །”ཅེས་པ་དེས་བལ་འབྲེག་སྐབས་འབྲེག་མཁན་དེའི་སྡོད་སྟངས་བརྗོད་པ། གཞན་ཡང“སྐྱ་སྐྱེ་རི་གཡང་མོ་རྫ་ལ་ཐོངས། །སེར་ཙོག་གེ་བལ་གཅུས་ས་ལ་ཞོག །”ཅེས་པས་ཀྱང་ལུག་ཁྱུ་རྫ་རུ་གཏོང་བ་དང་འབྲེག་ཚར་བའི་བལ་རྡོག་དེ་ས་ལ་འཇོག་དགོས་ཟེར་ནས་བལ་འབྲེག་པའི་ལས་ཀ་རྫོགས་མཚམས་ཀྱི་རྣམ་པ་དེ་བརྗོད། དེ་བཞིན་“ཞོག་གཡས་པ་གཡོན་ལ་བསྒྱུར་དུས་སུ། །སྐེ་ཚེགས་གསུམ་རྡོག་པས་བསྣན་དགོས་བྱུང་། །ལུག་ལྷ་དགོངས་པ་མ་འཛོམས་ཨང་། །”ལྟ་བུ་བལ་འབྲེག་སྐབས་ལུག་གི་གཡས་གཡོན་བརྗེ་སྐབས་ཀྱི་རྣམ་པ་དེ་བརྗོད་ཡོད།
གཉིས་པ། བལ་འབྲེག་སྐབས་ངར་ཤུགས་མཚོན་པའི་གླུ་ཚིག་ཁག་སྟེ། དཔེར་ན། “གཡས་ནི་ནས་སྟག་མོའི་ཁར་རྩེད་འདུག །སྟག་ཁ་རྩེད་རྩེད་ས་ང་ལ་རེད། །གཡོན་ནི་ནས་འབྲོང་ཕོའི་རྭ་རྩེད་འདུག །འབྲོང་རྭ་ཁའི་རྩེད་ས་ང་ལ་ཡོད། །”ལྟ་བུ་ལ་མཚོན་ན་གཡས་གཡོན་བལ་འབྲེག་རོགས་ཕན་ཚུལ་ངར་ཤ་སློང་བའི་ཚུལ་བརྗོད་པ། གཞན་ཡང་“ཨ་རོགས་གཞོན་ཆུང་དར་མ་ཚོ། །འདྲ་མཉམ་འཁྱིགས་མཉམ་བྱེད་མཁན་ཚོ། །གཏོང་མཉམ་གློད་མཉམ་བྱེད་ཤོག་ཨང་། །”ཞེས་པ་ཡང་གོང་བཀོད་བཞིན་ངར་ཤ་སློང་རེས་ཀྱི་རྣམ་པ་མཚོན་པའི་གླུའི་རིགས། དེ་བཞིན་བལ་གླུ་སྤྱིར་ངར་ཤུགས་མཚོན་པའི་གླུ་ཚིག་ནི་བལ་གླུའི་ཁྲོད་ཆེས་མང་ཤོས་སུ་ཆགས་འདུག་སྙམ།
གསུམ། བལ་འབྲེག་སྐབས་མཁོ་བའི་ཡོ་བྱད་དང་དེ་བཞིན་བལ་འབྲེག་བྱའི་ལུག་སོཌ་མཚོན་པའི་བལ་གླུའི་རིཌ། དཔེར་ན། “བརྡར་ཆུ་བརྡར་ཆུ་མ་ཟེར་ཨ། །བརྡར་ཆུ་ནམ་མཁས་གནང་ས་རེད། །བརྡར་རྡོ་བརྡར་རྡོ་མ་ཟེར་ཨ། །བརྡར་རྡོ་རོགས་ཀི་སྤྲོད་ས་རེད། །”ལྟ་བུ་བརྡར་ཆུ་དང་བརྡར་རྡོ་སོགས་སྐབས་སུ་མཁོ་བའི་ཡོ་བྱད་མཚོན་པའི་གླུ། དེ་བཞིན་“ཁྱོད་ཁ་ན་ལུག་གུའི་སོ་ཆུང་འདུག །རྒྱབ་དེ་ནས་ཐོང་འཚེར་གྲ་ལུ་འདུག །དེ་འདྲའི་ལུག་གུའི་ལྟད་མོ་ལ། །བདག་བཟང་གཅིག་གི་ལྟས་ལེ་འགྲོ། །རྩྭ་ལུང་དགུའི་ཕག་ནས་བཟས་ལེ་བསམ། །ཆུ་ལུང་དགུའི་ཕག་ནས་འཐུང་ལེ་བསམ། །མ་བཟང་གཅིག་གི་ཁྲིད་ལེ་འགྲོ། །”བལ་འབྲེག་བྱའི་ལུག་གི་ཁྱད་ཆོས་མཚོན་པའི་གླུའོ།
གོང་བཀོད་ཀྱི་བལ་གླུ་དེ་དག་ནི་བལ་གླུ་བརྗོད་བྱ་ཁག་གསུམ་ཙམ་ལ་དབྱེ་བའི་ཚབ་མཚོན་རང་བཞིན་དང་རྒྱུག་ཆེ་བའི་བལ་གླུ་ཁག་ཡིན་ཞིང་། གཞན་ཡང་བལ་གླུའི་བརྗོད་བྱར་རང་བྱུང་ཁམས་དང་དད་མོས་སོགས་དང་འབྲེལ་བའི་གླུ་ཚིག་ཀྱང་མཆིས་སོ།
གཉིས་པ། ཤན་རྩའི་བལ་གླུས་གནས་འདིར་ཐེབས་པའི་ཤུཌ་རྐྱེན་ནམ་ནུས་པ།
དེ་ཡང་འབྲོག་ལས་རྒྱུན་འཛིན་གྱི་ཆ་ནས། འབྲོག་ཁུལ་ནི་ཡིག་ཐོག་ནས་ཤེས་བྱའམ་ཉམས་མྱོང་སོགས་རྒྱུན་འཛིན་བྱེད་པའི་རྣམ་པ་དེ་ཅུང་ཉུང་ལ་བོད་སྤྱི་ལ་མཚོན་ནའང་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བའི་དཔེ་ཆ་སོགས་དཀོན་པས། ད་བར་མི་རབས་ནས་མི་རབས་བརྒྱུད་ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བའི་ཤེས་བྱ་ལྷག་པར་དུ་ངལ་རྩོལ་ལ་སྤྲོ་བའི་བསམ་བློའི་རྒྱུན་སོགས་མང་པོ་ཞིག་གླུ་གར་གཏམ་གསུམ་གྱི་སྒོ་ནས་རྒྱུན་འཛིན་བྱེད་པར་མཐོང་ལ། སྐབས་སུ་བབས་པའི་བལ་གླུས་ཀྱང་བལ་འབྲེག་ལས་དེ་གཙོ་བོར་གྱུར་པའི་འབྲོག་པའི་ཤེས་རིག་རྒྱུན་འཛིན་ཐད་ནུས་པ་ཆེན་པོ་ཐོན་ཡོད།
གཞན་ཡང་གླུ་གཞས་སྤྱིའི་ནུས་པ་ནས་བསམས་ན“ལས་ཀ་གླུ་དང་བསྡེབས་ན་དཀའ་ལས་ཁག་རྒྱུ་མེད”ཅེས་པ་ལྟར། བལ་གླུས་ངལ་རྩོལ་སྐབས་ངལ་དུབ་སེལ་བ་དང་ལས་ཕྱོད་ཆེ་བ་སྤྲོ་བ་འཕེལ་བ་སོགས་སྐབས་བབ་བལ་འབྲེག་པའི་ལས་དེར་ནུས་པ་ཆེན་པོ་ཐོན་ཡོད།
ད་དུང་བལ་གླུའི་གླུ་ཚིག་ཕལ་ཆེ་བ་ངར་ཤ་སློང་བའི་རིགས་མང་བས་སྐུལ་ལྕག་གི་ནུས་པ་སོགས་ཀྱང་ཐོན་ཡོད། མདོར་ན་བལ་གླུ་ནི་སྤྱིར་བཏང་གི་གླུ་ཞིག་མིན་ཏེ། དེར་མི་རིགས་ཤིག་གི་བསམ་བློའི་ས་བོན་འདུས་ཡོད་ལ་ཤེས་རིག་རྒྱུན་འཛིན་བྱེད་པར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ང་ཚོས་གཡག་ཞར་གྱིས་རྩྭ་བཟས་པའི་ཟླ་དང་དྲེད་མོང་གིས་ཕྱི་བ་འཛིན་པའི་དཔེ་རུ་མ་སོང་བར་དུས་རབས་ཀྱི་འཕོ་འགྱུར་ཁྲོད་རྣམ་པ་གསར་པ་ཞིག་གི་སྒོ་ནས་རྒྱུན་འཛིན་བྱེད་རྒྱུ་ཅིས་ཀྱང་གལ་ཆེ་བར་མཐོང་།
(བོད་ལྗོངས་སློབ་ཆེན་2022ལོའི་བོད་དགེ་འོས་འཛིན་གྲྭ་གཉིས་པའི་རིག་འཛིན་ཚེ་རིང་སྒྲོལ་དཀར)
འབྲེལ་ཡོད་གསར་འགྱུར།