ལག་ཤེས་མཁས་པས་རྐོ་གྲི་ལག་ཏུ་བཟུང་། ཕུ་གསུམ་ཤིང་བརྐོས་རྒྱུན་འཛིན་ལས་ལ་གཞོལ།
འདི་ནི་སྲི་ཆོས་དང་ཁོང་གི་ཤིང་བརྐོས་བརྩམས་ཆོས《མཐུན་པ་སྤུན་བཞི》ཡིན་པ།
འདི་ནི་སྲི་ཆོས་ཀྱིས་བརྐོས་རྒྱག་བཞིན་པ།
གྲོང་གསེབ་དར་རྒྱས་གཏོང་བའི་དུས་རབས་ཀྱི་རྒྱང་ལམ་དུ་མངོན་མིན་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་རིག་གནས་ཀྱི་མཆོག་ནོར་ཞིག་རེད་ལ། གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དེ་བས་ཀྱང་རེད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་སྙེ་མོའི་བོད་ཤོག་དང་། སྙེ་མོའི་སྤོས། ཕུ་གསུམ་ཤིང་བརྐོས་བཅས་ལ“སྙེ་མོའི་སྤུས་རྟགས་གསུམ”ཞེས་བརྗོད་པ་དང་། དེའི་ཁྲོད་ནས་ཕུ་གསུམ་ཤིང་བརྐོས་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངའ་བ་མ་ཟད། རིག་གནས་ཀྱི་ནང་དོན་ཡང་རྒྱ་ཆེ་ལ་གཏིང་ཟབ་མོ་ཡོད།
སྲི་ཆོས་ནི་ཕུ་གསུམ་ཤིང་བརྐོས་ཀྱི་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད་ལ། ལག་ཤེས་དེའི་རྒྱུན་འཛིན་པ་མི་རབས་དྲུག་པའང་རེད། སྤོ་བོ་ལགས་དང་པཱ་ལགས་ཀྱི་སློབ་སྟོན་བཟང་པོའི་འོག ཁོང་གིས་ལོ་12ནས་བཟུང་ཕུ་གསུམ་ཤིང་བརྐོས་ལག་ཤེས་སྦྱངས་པ་དང་། དུས་དེ་ནས་བཟུང་ཁོང་དང་ལག་ཤེས་དེའི་བར་ལས་དབང་དམ་པོར་འབྲེལ།
“ཕུ་གསུམ་ཤིང་བརྐོས་ཀྱི་ལས་རིམ་གྲ་རྒྱས་ལ་ལག་ཤེས་ཞིབ་ཚགས་པ་མ་ཟད། རྩེར་སོན་པས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། ཤིང་ཆ་ལེགས་འདེམས་ནས་པང་ལེབ་བཟོ་བ་དང་། བརྐོས་རྒྱག་པ། ཞིབ་ཚགས་བྱེད་པ་བཅས་དང་། དེ་ནས་མཐར་སྤུས་ལེགས་ཀྱི་པར་ཤིང་བཟོ་བའི་བར། ཞིབ་ཕྲའི་ལས་རིམ་30ལྷག་ཙམ་བརྒྱུད་དགོས་པ་མ་ཟད། ཚང་མ་ལག་པ་རང་ལ་བརྟེན་དགོས་ཀྱི་ཡོད”ཅེས་ཕུ་གསུམ་ཤིང་བརྐོས་སྐོར་གླེང་སྐབས་སྲི་ཆོས་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཕུ་གསུམ་ཤིང་བརྐོས་ཀྱི་ལས་རིམ་དེ་དག་གིས་ལག་ཤེས་ལ་ཚོད་བགམ་བྱེད་པ་མ་ཟད། རྒྱུན་འཛིན་པའི་བཟོ་བོའི་སྙིང་སྟོབས་ལ་དེ་བས་ཀྱང་ཉམས་ཚོད་ལེན་གྱི་ཡོད་ཅེས་སྲི་ཆོས་ཀྱིས་བཤད།
ཕུ་གསུམ་ཤིང་བརྐོས་ལག་ཤེས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཤིང་། 2019ལོར་སྲི་ཆོས་ཀྱིས་སྙེ་མོ་རྫོང་གཅེས་ནོར་མི་རིགས་ཤིང་བརྐོས་ལག་ཤེས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས། སྐབས་དེ་དུས་མཉམ་ལས་ཁང་དུ་དགེ་ཕྲུག་8ལས་མེད་མོད། ད་ཆ་རྒྱ་སྟོབས་ཆེ་རུ་ཕྱིན་ནས་དགེ་ཕྲུག་12བར་འཕེལ་རྒྱས་ཕྱིན་པ་མ་ཟད། གྲོང་ཚོའི་མང་ཚོགས་50ལྷག་ཙམ་ལ་སྐུལ་ཁྲིད་བྱས་ནས་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད་པས་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད།
ད་ཆ་སྲི་ཆོས་ཀྱི་གཅུང་པོས་དྲ་ཐོག་གི་ཐད་གཏོང་ཟོག་ཚོང་ལ་བརྟེན་ནས་ཕུ་གསུམ་ཤིང་བརྐོས་ཀྱི་ཐོན་རྫས་ཤིན་ཅང་དང་། ནང་སོག པེ་ཅིང་སོགས་སུ་བཙོངས་པ་དང་། ད་དུང་ཟླ་བ་རེར་ཡོང་འབབ་སྒོར་ཁྲི་2ནས་3བར་ཡོང་གི་ཡོད་པས། མཉམ་ལས་ཁང་གི་ཡོང་འབབ་མང་དུ་ཆེས་ཆེར་ཕྱིན་ཡོད། སྲི་ཆོས་རང་ཉིད་ཀྱང་དབྱིན་སྐད་ལ་བྱང་ཆུབ་པས། ཕྱི་རྒྱལ་གྱི་ཚོང་པ་དང་འབྲེལ་འདྲིས་ཚེགས་མེད་ཐུབ་པ་མ་ཟད། ཐོན་རྫས་སྔར་ལས་བྲིན་ཁ་རྒྱུག་ཏུ་སོང་སྟེ་ཕུ་གསུམ་ཤིང་བརྐོས་ཀྱི་སྐད་གྲགས་དང་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད།
ལག་ཤེས་རྒྱུན་འཛིན་བྱེད་རིང་། སྲི་ཆོས་ལའང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། དེའང་དགེ་ཕྲུག་ལ་ལག་ཤེས་སློབ་སྐབས་ཁོང་ཚོའི་སེམས་པ་རྣལ་ལ་ཕབ་ནས་ལག་ཤེས་སྦྱོང་དུ་འཇུག་རྒྱུ་དེ་དཀའ་ཁག་ཆེ་ཤོས་སུ་གྱུར། གང་ལགས་ཤེ་ན། ལག་ཤེས་དེ་ལོ་ཆུང་དུས་ནས་སྦྱོང་དགོས་པ་མ་ཟད། ལག་ཆ་བཟུང་སྟངས་དང་། ཡི་གེ་ངོས་འཛིན། བརྐོས་རྒྱག་སྟངས་བཅས་གོམ་པ་རིམ་བགྲོད་ཀྱིས་ནན་ཏན་ངང་སྦྱོང་དགོས་ཀྱི་ཡོད། “དེ་སྔ་ཡིན་ན་ཡི་གེ་བརྐོས་རྒྱག་སྟངས་ཁོ་ན་ཟླ་བ་དགུ་སྦྱོང་དགོས་ཀྱི་ཡོད། ད་ཆ་ཕྲུ་གུ་ཚོ་སྤྱང་གྲུང་འཛོམས་པས་སྤྱིར་བཏང་བྱས་ན་ལོ་གཉིས་ནང་བརྐོས་རྒྱག་སྟངས་ཤེས་ཀྱི་འདུག”ཅེས་སྲི་ཆོས་ཀྱིས་དགའ་ཚོར་ཆེན་པོས་བཤད།
སྲི་ཆོས་ཀྱི་བུ་གཞོན་པ་ཤི་ལོག་ལོ་12ཡས་མས་ནས་ལག་ཤེས་འདི་སྦྱོང་འགོ་ཚུགས་ཤིང་། ཤི་ལོག་གིས་གསར་འགོད་པར། ལག་ཤེས་སྦྱོང་སྐབས་དཀའ་ངལ་ཆེ་ཤོས་ནི་ཡུན་རིང་པོ་མགོ་སྒུར་སྒུར་བྱས་ནས་དཀྱིལ་ཀྲུང་མར་སྡོད་དགོས་པ་དེ་རེད། དེ་ནི་དཀའ་ཚེགས་ཆེ་ལ་ཉོབ་མདངས་སྐྱེ་སླ་བ་ཞིག་རེད། འོན་ཀྱང་རང་ཉིད་ཤིང་བརྐོས་ལ་དགའ་ཞེན་ཆེ་བས་སྡུག་རུས་བྱས་པ་ཡིན། དུས་ཚོད་ཡུན་རིང་པོ་སོང་བས་ད་ཆ་རྦད་དེ་གོམས་འདུག་ཅེས་བཤད། ཤི་ལོག་གིས་ལག་ཤེས་འདི་རྒྱུན་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་དང་། ཁོང་གི་བུ་ད་ཆ་ལོ་གཉིས་ལ་སླེབས་ཙམ་ཡིན་པས་ཁོང་གིས་སྔོན་ལ་ཕྲུ་གུ་སློབ་གྲྭར་བཏང་རྗེས་ཕྱིས་སུ་ལག་ཤེས་དེ་སློབ་རྩིས་ཡོད་པ་རེད།
སྲི་ཆོས་ཀྱིས་སླད་ཕྱིན་ངས་མུ་མཐུད་ནས་གསར་གཏོད་མཐའ་འཁྱོངས་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ཕུ་གསུམ་ཤིང་བརྐོས་ལག་ཤེས་དེ་དེང་རབས་ཁྲོམ་རའི་དགོས་མཁོ་དང་དེ་བས་ལེགས་པའི་སྒོ་ནས་འབྲེལ་མཐུད་ཐུབ་པར་བྱེད་ཀྱི་ཡིན་ལ། ན་གཞོན་སྔར་བས་མང་བས་རྩ་ཆེའི་ལག་ཤེས་འདི་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། སྲི་ཆོས་དང་དེ་བཞིན་ཁོང་དང་འདྲ་བའི་རྒྱུན་འཛིན་པའི་འགྱུར་མེད་བརྟན་སྲུང་དང་འབད་འཐབ་ལྷོད་མེད་འོག ཕུ་གསུམ་ཤིང་བརྐོས་ལག་ཤེས་དེ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་ལྟར། སྐྱེ་སྟོབས་ཀྱི་གསོན་ཤུགས་དང་འཛད་མེད་ཀྱི་སྟོབས་ཤུགས་རྒྱས་ཏེ། ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་དུ་འོད་ལམ་ལམ་དུ་འཚེར་ངེས་ཡིན་པའི་ཡིད་ཆེས་ཡོད།
འབྲེལ་ཡོད་གསར་འགྱུར།