མི་ཚེའི་ལམ་བུར་འབད་པས་བརྩོན། བདེ་སྐྱིད་འཚོ་བར་འབྲས་བཟང་སྨིན།
—— ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་རྒན་ཡོལ་ཞུས་པའི་དགེ་རྒན་གཡང་འཛོམས་ཀྱི་སྐོར་བཀོད་པ།
“ང་ཆུང་དུས་ནས་ཨ་ཁུ་བཅིངས་འགྲོལ་དམག་གི་འགྲམ་དུ་འཚར་ལོངས་བྱུང་བས། བཅིངས་འགྲོལ་དམག་མི་དང་བརྩེ་བ་ཟབ་མོ་ཡོད། དེར་བརྟེན་ངས་ཆེན་པོ་ཆགས་རྗེས་མེས་རྒྱལ་དང་བོད་ལ་ཕན་ཐོགས་པའི་ཤེས་ལྡན་པ་ཞིག་བྱ་རྒྱུའི་ཐག་བཅད་པ་ཡིན། སྟབས་ལེགས་པ་ཞིག་ལ་རེ་འབྲས་དོན་དུ་སྨིན་སོང”ཞེས་བགྲེས་སོང་གཡང་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད་ནས་ཚོམས་ཆེན་དུ་གྲལ་སྟར་འགྲིག་པའི་གཟི་བརྗིད་ལག་ཁྱེར་ལ་ལྟ་བཞིན་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱས།
1953ལོར་གཡང་འཛོམས་གཞིས་རྩེའི་ཞིང་བྲན་གྱི་ཁྱིམ་ཞིག་ཏུ་བཙས། སྐབས་དེར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཡུན་རིང་སོང་མེད། བཅིངས་འགྲོལ་དམག་ས་མཐོར་བཅའ་སྡོད་བྱས་ཏེ་མཐའ་མཚམས་སྲུང་སྐྱོང་གི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་བ་མ་ཟད། མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་ནས་བསམ་བློ་གསར་པ་དྲིལ་བསྒྲགས་བྱེད་པའི་འགན་འཁུར་བཞིན་ཡོད། གཡང་འཛོམས་ཁྱིམ་གྱི་ཉེ་འགྲམ་དུ་བཅིངས་འགྲོལ་དམག་གི་འཐབ་འཛིང་པའི་རུ་ཁག་གཅིག་བཅའ་སྡོད་བྱས་ཡོད། “ཆུང་དུས་ཨ་ཁུ་བཅིངས་འགྲོལ་དམག་གིས་ང་ལ་བྱི་རིལ་སྟེར་མྱོང་། ཁོང་ཚོ་ཡང་ང་ལ་ཧ་ཅང་དགའ་པོ་ཡོད། མིང་ལ‘ཧོང་ཡིང་ཀྲང’ཞེས་པ་དེས་ང་ལ་ཧ་ཅང་བྱམས་པོ་གནང་གི་ཡོད”ཅེས་གཡང་འཛོམས་ཀྱིས་བཤད།
སྐབས་དེ་དུས་བོད་དུ་དངོས་ཟོག་དཀོན་པས་བཅིངས་འགྲོལ་དམག་གིས་རྒྱུན་དུ་འབྲས་དང་། གྲོ་ཞིབ། ཕག་ཀྲིན་སོགས་འཚོ་བའི་དངོས་ཟོག་ཉེ་འཁོར་མང་ཚོགས་ལ་སྦྱིན་པ་མ་ཟད། ཞིང་བྲེལ་གྱི་སྐབས་སུ་ད་དུང་རང་འགུལ་ངང་རྨོ་འདེབས་དང་བརྔ་བསྡུ་བྱེད་རོགས་བྱེད་ཀྱི་ཡོད།
1970ལོར་གཡང་འཛོམས་བཞད་མཐོང་སྨོན་རྫོང་སྐྱིད་ལྡིང་ཤང་དུ་གཞོན་ནུ་ཤེས་ཡོན་ཅན་བྱེད་པར་བསྐྱོད། ཤང་ནང་གི་གཞོན་ནུ་ཤེས་ཡོན་ཅན་འབའ་ཞིག་དེ་ཡིན་པའི་ཁོང་གིས་གང་མགྱོགས་མང་ཚོགས་དང་འབྲེལ་བ་ཟབ་པོ་ཆགས་པར་བྱས་ཤིང་། དུས་ཡུན་ལོ་གསུམ་གྱི་རིང་གཡང་འཛོམས་ཀྱིས་ཡུལ་མི་ཚོར་ཡི་གེ་བསླབས་པ་དང་ཚགས་པར་ཀློག་ཤེས་པ་བྱས་ནས་ཚང་མས་རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་པ་དང་། བུད་མེད་ཚོར་འདུ་ཤེས་རྙིང་པ་དོར་ནས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་རྒྱུའི་སྐུལ་ལྕག་བྱེད་པ། སྤྱི་ཚོགས་འཚོ་བའི་ནང་ཞུགས་ཏེ་དགུན་དུས་སུ་མཚན་གང་སྦ་ལན་བསླས་ཏེ་ཕྲུ་གུ་ཚོར་གྱོན་པ་མཐུག་པོ་གྱོན་རྒྱུ་ཡོད་པ་བྱེད་ཀྱི་ཡོད། གཡང་འཛོམས་ཀྱིས“ཕྲུ་གུ་ཚོས་ངས་བསླས་པའི་སྦ་ལན་གྱོན་ནས་ཁྲོམ་གཞུང་དུ་རྒྱུགས་ཤར་གློད་པ་མཐོང་སྐབས་ང་ལ་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བཤད།
1972ལོའི་ལོ་མཇུག་ཏུ་ལོ་19ལ་སླེབས་པའི་གཡང་འཛོམས་བོད་ལྗོངས་མི་རིགས་སློབ་གླིང་དུ་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ། “སྐབས་དེ་དུས་ང་ཉིན་བདུན་རླངས་འཁོར་ལ་བསྡད་ནས་ལན་ཀྲོའུ་རུ་སླེབས་པ་དང་། ལྗོངས་ཕྱིའི་འཕེལ་རྒྱས་མཐོང་སྐབས་ཧང་སངས་ནས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བཤད།
སློབ་གྲྭ་འགྲིམ་རིང་། གཡང་འཛོམས་ཀྱིས་སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཤིང་། 1979ལོར་ཁོང་བོད་དུ་ལོག་ནས་ཀྲུང་གུང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་བྱས།
དུས་རབས་20པའི་ལོ་རབས་80པར། ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ས་ཞིང་དང་ཕྱུགས་རིགས་དུད་ཚང་ལ་དབང་བའི་སྲིད་ཇུས་ལག་བསྟར་བྱས་མོད། འོན་ཀྱང་མང་ཚོགས་ཁྲོད་སྲོལ་རྒྱུན་གྱི་འདུ་ཤེས་ཟབ་པར་བརྟེན་སྲིད་ཇུས་གསར་པར་ཐེ་ཚོམ་གྱི་རྣམ་འགྱུར་འཛིན་གྱི་ཡོད། གཡང་འཛོམས་ཀྱིས“ཚང་མས་ཕན་པ་དངོས་མཐོང་ཐུབ་པ་བྱེད་དགོས”ཞེས་བརྗོད་དེ་རང་གིས་སྣེ་ཁྲིད་ནས་གཞུང་གི་ལས་བྱ་དང་མཉམ་དུ“གཟའ་ཉི་མའི་ཁྲོམ་རར”ཞུགས་ཏེ་བོད་ཆས་དང་ཡུལ་ཟོག་འཚོང་འགོ་ཚུགས།
ཐོག་མར་མི་སེར་ཚོས་བབ་ལྟ་བྱེད་པ་དང་ཁེ་བཟང་རག་པ་མཐོང་རྗེས། ཚུལ་ལྟའི་རྣམ་འགྱུར་ཐོག་ནས་ཞུགས་པར་བརྟེན་ཁྲོམ་ར་རིམ་བཞིན་འཁྲུག་ཆ་དོད་དུ་གྱུར། གཡང་འཛོམས་ཀྱིས་སླར་ཡང་དགེ་རྒན་ཁྲིད་ནས་གྲོང་གསེབ་ཏུ་ཟླ་བ་གཉིས་ཙམ་བསྡད་དེ་ཁྱིམ་ཚང་རེ་རེ་བྱས་ནས་འགན་བཅོལ་ལམ་ལུགས་ཀྱི་ལེགས་ཆ་བརྗོད་པས་མང་ཚོགས་ཀྱི་དོགས་པ་ཡོངས་སུ་སེལ།
2008ལོར། རྒན་ཡོལ་ཞུ་ཉེར་ཡོད་པའི་གཡང་འཛོམས་ཀྱིས་ཏང་གི་སློབ་གྲྭའི་སློབ་ཁྲིད་སྒྲིག་བཀོད་ལེགས་སུ་གཏོང་ཆེད། ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དང་ཅང་སུའུ་སོགས་སུ་བསྐྱོད་ནས་བོད་སྐྱོར་ཚན་པ་དང་འབྲེལ་གཏུག་བྱས་མཐར་ཐོག་བརྩེགས་ཅན་གྱི་སློབ་ཁྲིད་ཁང་དང་དཔེ་མཛོད་ཁང་གི་རྣམ་གྲངས་ཀྱི་མ་དངུལ་ཐག་གཅོད་བྱུང་ཡོད།
“ང་སྤྱི་ཚོགས་གསར་པར་སྐྱེས་པ་དང་དར་དམར་འོག་ཏུ་འཚར་ལོངས་བྱུང་བ་དང་ཏང་གིས་ང་གསོ་སྐྱོང་གནང་བས་ངས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་འབུལ་གྱི་ཡིན”གཡང་འཛོམས་ཀྱི་མི་ཚེའི་ལམ་བུས་བོད་འདི་ཉིད་རྗེས་ལུས་ནས་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།