ལྷུན་གྲུབ་རྫོང་གིས་བྱིས་པའི་དགའ་ཕྱོགས་འཛིན་གྲྭའི་སྤོས་ཀྱི་རིག་གནས་མྱོང་རོལ་བྱེད་སྒོ་སྤེལ་བ།
འདི་ནི་ཕྲུ་གུ་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སྤོས་བཟོ་བཞིན་པ།
ཉེ་ཆར། ལྷུན་གྲུབ་རྫོང་གི་2025ལོའི་བྱིས་པའི་དགའ་ཕྱོགས་འཛིན་གྲྭའི་སྤོས་ཀྱི་རིག་གནས་མྱོང་རོལ་བྱེད་སྒོ་སྐྱིད་གྲོང་སྒར་སར་སྤེལ་ཞིང་། ཕྲུ་གུ་ཚོས་རྣམ་པ་གསར་རྐྱང་གི་རིག་གནས་ལག་ལེན་བྱེད་སྒོའི་ཁྲོད་ནས་སྤོས་སྦྱོར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་བ་དང་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་ཀྱི་ནང་དོན་ཟབ་མོ་ཉམས་སུ་མྱོང་ཐུབ་པར་བྱས་པ་རེད།
ལྷ་ས་མཚུར་ཕུ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་སྤོས་སྦྱོར་ལག་ཤེས་པ་བསོད་ནམས་རྡོ་རྗེས་གསོན་ཉམས་ལྡན་ཞིང་སྤྲོ་སྣང་འཕེལ་བའི་འགྲེལ་བཤད་བརྒྱབ་སྟེ། ཕྲུ་གུ་ཚོས་མཚུར་ཕུའི་སྤོས་ཀྱི་ངོ་མཚར་ཤེས་པར་བྱས་ཤིང་། ཁོང་གིས་སྤོས་ཀྱི་ལོ་རྒྱུས་དང་འབྱུང་ཁུངས་ནས་འགོ་བཙུཌ་ཏེ་བརྗོད་པས། ཕྲུ་གུ་ཚོས་ལོ་ངོ་སྟོང་གི་རིང་རྒྱུན་འཛིན་བྱུང་པའི་བདུག་སྤོས་ལ་རྒྱུས་མངའ་བྱུང་ནས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དྲི་ཞིམ་རྫས་ཤིག་ཡིན་པ་མ་ཟད། ད་དུང་དེར་སྨན་རྒྱུའི་རིན་ཐང་ཡང་ལྡན་པ་དང་བོད་ཀྱི་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་རེད།
ལག་ལེན་གྱི་སྐབས་སུ། ཕྲུ་གུ་ཚོ་སྒྲོག་ཙེའི་མདུན་དུ་བསྡད་ནས་དགེ་རྒན་གྱི་མཛུབ་ཁྲིད་ལྟར་རྡོ་གཏུན་ནང་རྒྱུ་ཆ་སྣ་ཚོགས་བླུགས་ཏེ། ཞིབ་མོར་རྫོགས་རྗེས་བསྡུར་ཚད་ངེས་ཅན་ལྟར་སྡེབ་བཟོ་བྱས་ནས་ལྷད་མེད་དྲི་ཞིམ་བཟོ་ཐུབ་པའི་བརྩོན་ལེན་བྱས་པ་རེད།
ལག་བཟོས་སྤོས་ལ་འགྲན་སློང་རང་བཞིན་ཆེན་པོ་ལྡན་ཞིང་། ཕྲུ་གུ་ཚོས་ལག་ཆུང་གིས་སྤོས་འདམ་བཙིར་ནས་གཟབ་གཟབ་ངང་ཕྲ་ཞིང་རིང་བའི་སྤོས་རེ་རེ་བཟོ་བཞིན་ཡོད། རང་ཉིད་ཀྱིས་བཟོས་པའི་སྤོས་མཐོང་སྐབས་ཚང་མའི་གདོང་ནས་སྤོབས་པའི་འཛུམ་མདངས་འཕྱུར།
“ད་ཐེངས་ཀྱི་མྱོང་རོལ་བྱེད་སྒོ་ཧ་ཅང་ཡག་པོ་འདུག ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ངས་ཕ་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་སྔར་བས་རྒྱུས་མངའ་ལོན་སོང་། ངས་རང་ཉིད་ཀྱིས་བཟོས་པའི་སྤོས་ཁྱིམ་དུ་ཁྱེར་ནས་ཡབ་ཡུམ་གཉིས་ལ་འབུལ་རྒྱུ་མ་ཟད། སྦྱངས་པའི་ཤེས་བྱའང་ཁོང་ཚོར་ཤོད་ཀྱི་ཡིན”ཞེས་བྱམས་པ་བསྟན་འཛིན་གྱིས་བརྗོད།
འབྲེལ་ཡོད་གསར་འགྱུར།