དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དུས་འཁོར་དབང་ཆེན་གཟབ་རྒྱས་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-15

    ཚེས་9ནས་ཚེས་12ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བཀྲ་ཤིས་ལྷུན་པོར་དུས་ཡུན་ཉིན་4རིང་དུས་འཁོར་དབང་ཆེན་གཟབ་རྒྱས་གནང་བ་རེད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་གྲུབ་མཐའ་ཁག་གི་བླ་མ་སྐྱེས་ཆེན་དང་སྤྲུལ་སྐུའི་འཐུབ་ཚབ་དང་སེར་སྐྱ་དད་ལྡན་མང་ཚོགས་དབང་ཞུ་བར་བཅར་བ་རེད།

    ཚེས་9ཉིན་གྱི་སྔ་དྲོར། པཎ་ཆེན་རིན་པོ་ཆེས་ཕྱག་ཏུ་བསངས་ཕོར་བསྣམས་པའི་བཀྲ་ཤིས་ལྷུན་པོའི་བླ་མ་སྐྱེས་ཆེན་དང་དུང་རྒྱ་གླིང་གཏོང་མཁན་གྱི་དགེ་འདུན་པའི་སྤྱན་འདྲེན་འོག སྐྱིད་སྐྱིད་ན་ཁའི་བཞུགས་ཁྲིའི་སྟེང་ཕེབས་ནས་དེ་གའི་དགེ་འདུན་པ་ཡོངས་ལ་ཞལ་འདོན་བསྐུལ་གནང་བ་དང་། ཆོས་ལུགས་ཀྱི་ཆོ་ག་གཞིར་བཟུར་ཡི་དམ་ལྷ་སྒྲུབ་གནང་སྟེ་དུས་འཁོར་དབང་ཆེན་གནང་འགོ་ཚུགས་པ་རེད།

    དུས་འཁོར་དབང་ཆེན་ནི་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ཀྱི་དབང་གནང་རྒྱ་ཆེ་ཤོས་དེ་ཡིན་ཞིང་། དུས་ཡུན་ཉིན་4ཡི་རིང་དཔལ་དུས་ཀྱི་འཁོར་ལོའི་སྟ་གོན་དང་། བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན་གྱི་དབང་། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་རིམ་པ་བཞིན་གནང་བ་རེད། པཎ་ཆེན་རིན་པོ་ཆེས་བཀའ་ཆོས་གནང་གིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་མཐའ་འཁྱོངས་བྱེད་པ་སོགས་ལ་འཆད་འགྲེལ་གཏིང་ཟབ་གནང་བ་རེད། བརྒྱུད་རིམ་ཧྲིལ་པོར་པཎ་ཆེན་རིན་པོ་ཆེས་དུས་འཁོར་དབང་ཆེན་གྱི་དབང་གནང་བའི་ཆོ་གར་ནན་པོ་གཞིགས་ཏེ་དབང་གནང་བ་དང་། སྨོན་ལམ་བཏབ་ནས་བཀའ་སློབ་གནང་བ་མ་ཟད། བསླབ་སྡོམ་འཛིན་པ་དང་། དགེ་ཆུའི་བྱིན་རླབས་དང་། རྩྭ་ཀུ་ཤ ལྗགས་མདུད་སོགས་ཀྱང་གནང་བ་རེད།

    དུས་འཁོར་དབང་ཆེན་མ་གནང་གོང་། པཎ་ཆེན་རིན་པོ་ཆེས་ཆོས་ལུགས་ཀྱི་ཆོ་གར་ནན་པོ་གཞིགས་ཏེ་སློབ་མ་རྗེས་འཛིན་དང་དཀྱིལ་འཁོར་གྱི་ས་ཆོག དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་པ་དང་ཡི་དམ་ལྷ་སྒྲུབ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རབ་དང་རིམ་པ་སྤེལ་གནང་བ་རེད།

    པཎ་ཆེན་རིན་པོ་ཆེ་སྐུ་ཉམས་དོད་པ་དང་། ཆོས་ཀྱི་གསུང་སྒྲ་སྙན་པ། དབང་བསྐུར་བྱིན་རླབས་ཆེ་བ་བཅས་ལས། རྟོགས་པ་མཐོ་ལ་མཁྱེན་རྒྱ་ཡངས་པ་དང་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྤྲུལ་སྐུ་ཆེན་པོའི་སྐུ་ཉམས་གང་ལེགས་མངོན་ཞིང་། དུས་འཁོར་དབང་ཆེན་ཞུ་མཁན་བླ་མ་སྐྱེས་ཆེན་དང་རྒྱ་ཆེའི་སེར་སྐྱ་དད་ལྡན་མང་ཚོགས་ཀྱི་དད་གུས་ཆེན་པོ་དང་། གདེང་འཇོག་བཟང་པོ། བསྔགས་བརྗོད་ཆེན་པོ་བཅས་རྒྱ་ཁྱབ་ཏུ་ཐོབ་ཡོད།

    ད་ལོ་ལོ་61ལ་སླེབས་པའི་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་གི་བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ་གྱི་གྲོང་མི་ཚེ་བརྟན་དབང་ཕྱུག་2016ལོར་པཎ་ཆེན་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་སྐབས་དེ་གར་དབང་ཞུ་བར་ཡོང་མྱོང་ཡོད་པ་དང་། ད་ལོ་ཡང་དབང་ཞུ་ཐུབ་པས་སེམས་འགུལ་ཆེན་པོ་ཐེབས་ནས། ཁོང་གིས“པཎ་ཆེན་རིན་པོ་ཆེས་གནང་བའི་དུས་འཁོར་དབང་ཆེན་ཐེངས་གཉིས་ཞུ་ཐུབ་པ་ནི་ང་རང་གི་གཟི་བརྗིད་ཡིན་ལ་དགའ་ཚོར་ཡང་ཆེན་པོ་སྐྱེ་གི་འདུག པཎ་ཆེན་རིན་པོ་ཆེའི་བཀའ་ཆོས་ཉན་པ་དང་དབང་ཞུ་ཐུབ་པར་བསོད་ནམས་ཆེན་པོ་ཡིན་སྙམ་གྱི་འདུག ངས་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར་ཕ་མར་སྲི་ཞུ་དང་ཁྱིམ་མཚེས་དང་འཆམ་པོ་བྱ་རྒྱུ་ཡིན་ལ། རྟག་ཏུ་དྲིན་གཟོའི་བསམ་པ་བཅངས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ངེས་ཡིན”ཞེས་བཤད།

    “ད་རེས་ཀྱི་དུས་འཁོར་དབང་ཆེན་ལས་ང་ཚོས་པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གནང་སྟེ་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བར་བརྟེན་ཆོས་ལུགས་ཀྱི་ཉམས་ལེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ་དང་ཆོས་ལུགས་ཀྱི་རྟོགས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པའི་མྱོང་ཚོར་བྱུང”ཞེས་བོད་ལྗོངས་ནང་བསྟན་སློབ་གླིང་ས་སྐྱ་དགོན་ཡན་ལག་སློབ་གླིང་གི་མཁན་པོ་དང་དཔེ་ཆའི་དགེ་རྒན་ཡོན་ཏན་མགོན་པོས་དེ་ལྟར་གསུངས་པ་དང་། ཁོང་གིས“དབང་བསྐུར་བྱིན་རླབས་ཆེ་ལ་ཐུགས་གྲ་ལེགས་འགྲིག་བྱུང་སོང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེས་གོ་བདེ་ཤེས་སླའི་བཀའ་ཆོས་གནང་བས་ང་ཚོའི་བློ་སྒོ་རྦད་དེ་ཕྱེ་བྱུང་ལ། དབང་གནད་ལ་སྨིན་པོ་གནང་བ་ལས་ང་ཚོའི་མ་རིག་མུན་པ་སངས་སོང་། ཁོང་གི་སྐུ་ལུས་ནས་ང་ཚོས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཉམས་བཟང་པོ་མཐོང་བྱུང་། ཁོང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་ཕྱག་རྒྱུན་བཟང་པོ་དང་ནང་ཆོས་ཀྱི་རྟོགས་པ་མཐོ་པོ་རྒྱུན་འཛིན་གནང་བས་མི་རྣམས་ཀྱི་དད་གུས་ཐོབ་ནས་ཚང་མས་དགའ་ཞེན་དང་གོང་བཀུར་ཞུ་བའང་མཐོང་བྱུང་། ང་ཚོས་ངེས་པར་དུ“འདུ་ཤེས་གསུམ”བློ་ལ་བརྟན་པོར་ངེས་པ་དང“ཚད་གཞི་བཞི”ལག་ལེན་བསྟར་ནས། ཚུལ་ཁྲིམས་གཙང་མ་སྲུང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ཏེ་པཎ་ཆེན་རིན་པོ་ཆེའི་ཁྲིད་སྟོན་འོག་ནང་ཆོས་དར་སྤེལ་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན་བཅས་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།