ནུས་སེམས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་དོན་དུ་གཉེར། དམངས་ཆེད་ལས་འགན་བསྒྲུབས་ནས་འགན་འཁུར་བསམ་པ་མངོན།
—— འཇོ་མདའ་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཉི་མ་ཚེ་རིང་གི་སྐོར་བཀོད་པ།
ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་སྲིད་གྲོས་ཀྱི་ལས་དོན་པ་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་སྲིད་གྲོས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་དམངས་ཀྱི་བསམ་འདུན་ཉན་པ་དང་། ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཏེ་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། ལས་ཀའི་ལམ་སྲོལ་གསར་དུ་བཏོད་ནས་གྲོས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་ལ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། ཁོང་ནི་འཇོ་མདའ་རྫོང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཉི་མ་ཚེ་རིང་རེད། ཁོང་གི་སྣེ་ཁྲིད་འོག་འཇོ་མདའ་རྫོང་གི་སྲིད་གྲོས་ལས་དོན་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བ་དང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྲིད་གྲོས་ཀྱི་སྟོབས་ཤུགས་རྩ་ཆེན་ལེགས་སྐྱེས་ཕུལ་ཡོད།
“སྲིད་གྲོས་ལས་དོན་བསྒྲུབ་པར་ཐོག་མར་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་དགོས”ཞེས་ཉི་མ་ཚེ་རིང་གིས་བརྗོད་པ་དང་། 2024ལོར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་པ་ནས་བཟུང་། ཁོང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་མཐའ་འཁྱོངས་ཀྱིས་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ཡོད།
སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུར་ཐུག་ཡོད། ཉི་མ་ཚེ་རིང་གིས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཤང་གྲོང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་གྱི་ཁྲོད་དུ་ཁྱབ་གདལ་བཏང་བར་མང་ཚོགས་2000ལྷག་ཙམ་ཞུགས་ཡོད་པ་རེད།
སྲིད་གྲོས་ཨུ་ཡོན་གྱི་ནུས་པ་གང་ལེགས་འདོན་ཆེད། ཉི་མ་ཚེ་རིང་གིས་སྣེ་ཁྲིད་དེ《ཀྲུའུ་ཞིས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་ལུགས》དང་། 《ཏང་ནང་ཁུལ་གྱི་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་ལུགས》གཏན་འབེབས་བྱས་པ་རེད། ལོ་གཅིག་རིང་། ཁྱོན་འབྲེལ་གཏུག་ཞབས་ཞུ་ཐེངས་40ལྷག་ཙམ་སྤེལ་ནས་བསམ་བློ་གཅིག་མཐུན་དང་། དམིགས་ཡུལ་གཅིག་མཐུན། བྱ་སྤྱོད་གཅིག་མཚུངས་བཅས་ཡོང་བར་བྱས་ཡོད། སྲིད་གྲོས་སྐབས་བརྒྱད་པའི་འཇོ་མདའ་རྫོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོག་རིང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། གྲོས་གཞི་ཁག་62བཏོན་པ་དང་། གྲོས་གཞི་ཁག་61ཐོ་འགོད་བྱས་པར་ཐོ་འགོད་བྱེད་ཚད་98%ཟིན་ཡོད། དེ་བས་དགའ་འོས་པ་ཞིག་ནི་ཐོ་འགོད་བྱས་པའི་གྲོས་གཞི་ཚང་མ་དུས་བཀག་ནང་ཐག་གཅོད་ཐུབ་པ་དང་ཐག་གཅོད་ཐུབ་ཚད་100%ཟིན་ཡོད། གྲུབ་འབྲས་མངོན་གསལ་དོད་པོ་དེ་དག་ནི་ཉི་མ་ཚེ་རིང་གིས་བཏོན་པའི་གྲོས་གཞི་སྒྲུབ་སྐུལ་ལམ་སྲོལ་དང་། སྲིད་གཞུང་སྡེ་ཚན་དང་རྒྱུན་གཏན་ཅན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་པའི་ཐུན་མོང་གི་ནུས་པ་ལས་བྱུང་བ་ཞིག་རེད།
ཆ་སྒྲིག་རོགས་སྐྱོར་ལས་དོན་ཁྲོད་ཉི་མ་ཚེ་རིང་གིས་སྲིད་གྲོས་ཀྱི་ལས་བྱེད་ལས་བཟོའི་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། མིག་སྔའི་བར་འཇོ་མདའ་རྫོང་སྲིད་གྲོས་ཀྱིས་དུད་ཚང་21ལ་ཆ་སྒྲིག་རོགས་སྐྱོར་དང་། སྲིད་ཇུས་དོན་འཁྱོལ་གྱི་རོགས་སྐྱོར་ཐེངས་40ལྷག་ཙམ། མ་དངུལ་གྱི་རོགས་སྐྱོར་སྒོར་ཁྲི་2ལྷག་ཙམ་བཅས་བྱས་ནས་རོགས་སྐྱོར་བྱ་ཡུལ་ལ་ཕྱུག་འགྱུར་གྱི་གྲོས་འགོ་20ལྷག་ཙམ་བཏོན་ཡོད། “ང་ཚོ་ནི་མི་དམངས་ཀྱི་ཨུ་ཡོན་ཡིན་པས། མི་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས”ཞེས་ཁོང་གིས་རྒྱུན་དུ་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།