དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་དང་དཔེ་དེབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བྱམས་པ།   |     སྤེལ་དུས།  2025-10-05

    ང་ནི་ནད་པ་ཞིག་ཡིན། ན་སྟེ་ཡུན་རིང་དྲག་སྐྱེད་མ་ཐུབ་པའི་ནད་པ་ཞིག་ཡིན། ནད་དེའི་མིང་ལ་ཅི་ཞིག་ཟེར་མིན་རང་ཉིད་ལའང་ཆ་མ་འཚལ། གང་ལྟར་ནད་དེ་ལངས་རིམ་བཞིན་དཔེ་དེབ་ཅིག་གི་ཤག་སྒྲ་དང་ཡིག་འབྲུ་ཞིག་གི་གྲིབ་གཟུགས་མཐོང་ཚེ། ངའི་ནད་གཞི་དེ་མ་ཉིད་དུ་ལྷོད་ཀྱིས་ཞི་འགྲོ

    ཉིན་དཀར་གྱི་བྲེལ་ཟིང་ཡོད་ཚད་ལྷིང་འཇགས་ཀྱི་ཀློང་དུ་ལྷོད་ཀྱིས་བཞུད་འགྲོ་བའི་མཚན་ལམ་རེར། ངས་མདུན་ཅོག་གི་གློག་སྒྲོན་གྲོགས་སུ་བཀུག་སྟེ། ཤོག་ལྷེ་རེ་རེ་དང་ཡིག་འབྲུ་རེ་རེ། ཐ་ན་ཡི་གེའི་སྣག་དྲི་རེ་རེ་བརྒྱུད་ནས། རང་ཉིད་ནི་ཁེར་རྐྱང་གི་རྒྱལ་སྲས་ཤིག་ཏུ་རློམ་བཞིན་ཡོད།

    ཆུང་དུས་སུ་བྱིས་པ་པྲ་ཚགས་ངས་བྱ་ངན་སྤྱོད་ངན་མང་པོ་བརྩམས་པའི་ཚེ། ཡབ་ཆེན་གྱིས་ཁ་ཆེ་ཕ་ལུའི་ཚིག་ཚོགས་པོ་དང་སྙན་མོ་འགའ་རེ་དྲངས་ནས་བཀའ་སློབ་གནང་མྱོང་། འོན་ཏེ་ཚིག་དེ་དག་ཀྱང་སྙན་མོ་ཞིག་འདུག་བསམ་པ་ཁོ་ན་ལས། ཡང་སྙིང་དོན་ཅི་ཞིག་ཡིན་མིན་དེ་དུས་གསལ་ཆ་ཅི་ཡང་མེད། དེ་ནས་སློབ་ཆུང་འགྲིམས་པའི་སྐབས་སུ། ངས་ཐེངས་དང་པོར་ཁྱིམ་གྱི་མཆོད་སྟེགས་སུ་ལོ་མང་བཞག་པའི་ཚིལ་དྲེག་ཅན་གྱི་དཔེ་ཆ་དག་ལ་ལག་པ་རྐྱོང་འགོ་ཚུགས། ངོ་མ་དུས་དེ་ནས་བཟུང་ཡབ་ཆེན་གྱིས་གསུངས་པའི་ཚིག་ཚོགས་པོ་རྣམས། ཚིལ་དྲེག་ཆགས་པའི་དཔེ་ཆ་དེ་དག་ལས་ངའི་འདྲེན་བྱེད་ཀྱི་ཡུལ་དུ་རེས་གསལ་རེས་མོག་གིས་འཚང་ཡོང་། དུས་དེ་ནས་ང་དང་དཔེ་དེབ་གཉིས་དབར་འབྲེལ་ལམ་ཟབ་མོ་ཞིག་ཆགས་ཤིང་། དྲག་སྐྱེད་མེད་པའི་ནད་གཞི་དེ་ཡང་དུས་དེ་ནས་བཟུང་ངའི་ལུས་ཁམས་ཀྱི་དབང་རྩ་རེ་རེར་འཁྱུད་ཅིང་། ད་ནི་ཤ་གསེང་རུས་གསེང་དུ་ཐིམ་འདུག་པ་ཚོར།

    ཉིན་རེའི་སློབ་ཚན་གྲོལ་ཏེ་ཁྱིམ་དུ་སླེབས་རྗེས། 《རྩོམ་ཡིག་ལེགས་སྒྲིག》ཅེས་པའི་དེབ་ཆུང་དེ་ཡར་སློག་མར་སློག་བྱེད་པ་ནི་ངའི་འཆར་ཅན་གྱི་བྱ་བ་ཞིག་ཏུ་གྱུར་ཟིན། དཔེ་དེབ་ཆུང་ཆུང་དེའི་ནང་དུ་སློབ་མའི་རྩོམ་ཡིག་ཕུད། གཞན་ད་དུང་གཏམ་རྒྱུད་སྙན་མོ་བཀོད་པའི་ཚན་པ་དེ་ནི་ཆེས་ཐོག་མའི་ངའི་དཔེ་ཀློག་ལ་དགའ་བའི་བྱིས་དུས་ཀྱི་ཞིང་ས་གཤིན་པོ་དེ་རེད། ད་ལྟ་བསམས་ཚེ་ངས་དེ་དུས་ཀྱི་རང་ཉིད་ལ་བཀའ་དྲིན་ཆེ་ཞུ་འོས། དེ་དུས་ཀྱི་བྱིས་པ་སྣབས་ལུད་ཅན་དེས་ད་ལྟའི་རང་ཉིད་ལ་དཔེ་དེབ་ཅེས་པའི་འོད་སྣང་གི་ལམ་བུ་ཞིག་བསྐྱེད་པར་ཐུགས་རྗེ་ཞུ།

    དམའ་འབྲིང་འགྲིམ་སྐབས་སུ། ངེད་འཛིན་གྲྭར་སྔ་ཕྱིར་ཁྱོན་བོད་ཡིག་དགེ་རྒན་བཞི་ལྔ་ཙམ་ཞིག་བརྗེ་པོ་བརྒྱབ། འགའ་ཞིག་གིས་དུས་ཡུན་རིང་ཤོས་སུ་ལོ་གཅིག་དང་ལོ་ཕྱེད་ཙམ་སློབ་ཁྲིད་བྱས་མྱོང་ཞིང་། དགེ་རྒན་གཅིག་གིས་གཟའ་འཁོར་གཉིས་ཙམ་ལས་སློབ་ཁྲིད་བྱེད་མྱོང་མེད། འོན་ཏེ། ང་རང་ལ་བག་ཆགས་ཆེས་ཟབ་པ་ནི་ཏག་ཏག་གཟའ་འཁོར་གཉིས་ལས་སློབ་ཁྲིད་བྱས་མ་མྱོང་བའི་དགེ་རྒན་ཁོང་རེད། ཁོང་གི་མཚན་ལ་དགྲ་འདུལ་ཞེས་ཞུ། ཅུང་སྐམ་ཞིང་རིད་པའི་སྐུ་གཟུགས་དང་དབུ་སྐྲ་གཡས་ཕྱེད་གཡོན་ཕྱེད་དུ་བཞག་པའི་ན་གཞོན་ཞིག་རེད། ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་ཐོན་བྱུང་ཞིང་། དེའི་ལོ་ནི་ཁོང་ཉིད་དངོས་སྦྱོང་སྐབས་འཁེལ་སྟབས། གནས་སྐབས་ངེད་འཛིན་གྲྭའི་བོད་ཡིག་དགེ་རྒན་གྱི་འགན་བཞེས་པ་ཡིན་ཞེས་གསུངས། སྐབས་སྐབས་སུ་ངའི་བསམ་པར་མི་ཞིག་གི་མི་ཚེའི་གོ་རིམ་ཁྲོད་དུས་ཡུན་ཐུང་ངུ་ཞིག་གིས་ཀྱང་རང་ཉིད་ལ་བག་ཆགས་འདི་ལྟ་བུ་བཞག་པ་ནི་ཅི་འདྲའི་ཁྱད་མཚར་རེད་ཨང་བསམས་མྱོང་། དགེ་རྒན་ཁོང་ཉིད་ཀྱི་སློབ་ཁྲིད་དུས་ཡུན་ཧ་ཅང་ཐུང་ཡང་། དེ་དུས་ངས་དགེ་འདུན་ཆོས་འཕེལ་གྱི་མཚན་ཐོག་མར་ཐོས་བྱུང་ལ། དགེ་འདུན་ཆོས་འཕེལ་ལགས་ཀྱི་འདྲ་པར་གྱི་ཁ་ཤོག་ཅན་གྱི་དཔེ་དེབ་གཅིག་ལས་ངའི་ཡིད་ཀྱི་དབང་པོ་རབ་ཏུ་ཕྲོགས་ཏེ། ངས་དཔེ་དེབ་དེའི་མིང་བྱང་འབྲུ་ཚ་ཁྱར་ཁྱོར་ཞིག་གིས་ཟིན་བྲིས་སུ་བཏབ་མྱོང་བ་ད་ལྟའང་དྲན་ངོས་སུ་འཆར།

    《གཙུག་གཡུ》དང་། 《ཆུ་ངོགས་གཏམ་རྒྱུད》 ད་དུང《མི་ལ་རས་པའི་རྣམ་མགུར》 《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》སོགས་ནི་མཐོ་འབྲིང་སྐབས་སུ་ང་རང་ཆེས་ཀློག་པར་སྤྲོ་བའི་དཔེ་དེབ་རེད། ཐེངས་ཤིག་རྩིས་རིག་སློབ་ཚན་གྱི་སྐབས་སུ་ངས《སད་ཀྱིས་བཅོམ་པའི་མེ་ཏོག》ཅེས་པའི་དཔེ་དེབ་ཅིག་ལ་ལྟ་བཞིན་ཡོད་སྐབས། གློ་བུར་དུ་ནག་ཡོར་ཡོར་གྱི་དངོས་པོ་ཞིག་ངའི་མིག་ལམ་ནས་འཕུར་བྱུང་སྟེ། དེ་ནི་རྩིས་རིག་དགེ་རྒན་གྱིས་ངའི་ཕྱོགས་སུ་འཕངས་པའི་ནག་པང་བསུབ་རས་རེད་འདུག ངས་དེ་མུར་བསུབ་རས་ཁོང་གི་ཕྱོགས་སུ་སྐྱེལ་བར་ཕྱིན་པར། དེའི་ལན་དུ་ཁོང་གིས་ང་ལ་འགྲམ་ལྕག་མེ་འབར་བ་ཞིག་གི་གསོལ་རས་གནང་།

    སློབ་ཆེན་གྱི་སྐབས་སུ་མཚམས་རེ་རྩོམ་ཡིག་ཐར་ཐོར་འགའ་ཚགས་དེབ་ཐོག་འཁོད་རྗེས། ངས་དེ་དག་གི་རྩོམ་ཡོན་གྱིས་རང་ཉིད་ལ་དཔེ་དེབ་ཡག་པ་རེ་ཟུང་ཉོ་བཞིན་ཡོད། དེས་མ་ཟད། དཔེ་དེབ་དག་དཔེ་སྒྲོམ་སྟེང་དུ་འཇོག་པ་ཕུད། རང་གི་སྔས་མགོར་བརྩེག་རྒྱུ་ནི་ཡ་མཚན་ཆེ་བའི་གོམས་གཤིས་ཤིག་ཏུའང་གྱུར། དགོང་མོ་ཉལ་ཁར་དཔེ་དེབ་ཀྱི་དྲི་བསུང་འཐུལ་ཚེ། ད་གཟོད་གཉིད་སྐྱིད་པོ་ཞིག་གིས་ང་རང་མགྲོན་དུ་བསུ་ངེས་ཡིན་ཞིང་། ཞོགས་ཀྱི་ལངས་ཁའི་སྔ་མར་དཔེ་དེབ་ཀྱི་གྲིབ་གཟུགས་མངོན་ཚེ། གཞི་ནས་ཉིན་གཅིག་གི་སྟ་གོན་སྟོང་མི་སྲིད། གང་ལྟར་ད་ནི་སློབ་གསོའི་ལས་ལ་ཞུགས་པ་ནས་ད་བར་ལོ་བཅུ་ཙམ་འགྲོ་ལ་ཉེ། དེའི་རིང་ངས་དཔེ་དེབ་གྲོགས་སུ་བཀུག་སྟེ། དེ་དག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་ཡོད། གལ་ཏེ་ལམ་འགྲམ་ཞིག་ནས་དཔེ་ཁང་རེ་མཐོང་ཚེ། ངས་དེ་མུར་དེ་གར་གོམ་ཁ་སྒྱུར་ངེས་ལ། རང་ལ་མཁོ་བའི་དཔེ་ཆ་རེ་གཉིས་ཉོས་ཏེ། རང་གི་བསམ་པའི་འཚོ་བཅུད་དུ་བསྟེན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།