ཉིང་ཁྲི།
ཚང་ཚིང་གཡུ་ལོ་བཀོད་པའི་ནགས་ཀླུང་གི་ཕུགས་ན། །
འདབ་དྲུག་པདྨས་བརྒྱན་པའི་མིས་བཟོས་ཀྱི་ཕོ་བྲང་། །
སོས་དལ་བག་ཕེབས་གནས་པའི་དྭངས་གཙང་གི་བྱིན་གྱིས། །
ཕྱི་ནང་ལྷོད་ཀྱིས་འཇགས་པས་རང་རྒྱུད་ནི་དུལ་ཡོང་། །
གནམ་ལྕགས་འབར་བའི་གཟི་བྱིན་འོད་མདངས་ལ་འཁྱུད་ཅིང་། །
ཡར་ཀླུང་གཙང་པོའི་རླབས་རྒྱུན་ཀོང་ཡུལ་དུ་བཞུར་དུས། །
མི་དང་རང་བྱུང་ཞི་གནས་མཛེས་སྡུག་གིས་སྤུད་པ། །
རི་མོ་མཁན་གྱིས་པིར་ལས་བཞེངས་པ་ཡི་མཐོ་རིས། །
ཁམ་བུའི་མེ་ཏོག་ལྷམ་མེར་བཞད་པ་ཡི་དཔྱིད་ཀར། །
ཡུལ་འདིར་བསོད་ནམས་མར་ཁུ་འཁྱིལ་འདྲ་ཡི་མི་ཚོགས། །
ཆུ་འཛིན་རི་ལ་དཀྲིས་པའི་མཛེས་སྡུག་གི་ཞིང་ནས། །
ལྷ་ཡུལ་དངོས་སུ་མཐོང་བའི་འཁྲུལ་བ་ནི་གྲངས་མེད། །
མཁའ་ལྡིང་ལུང་པའི་ངོ་མཚར་རྦབ་ཆུ་ཡི་བརྗིད་ཉམས། །
ཁམ་བུའི་སྡོང་པོས་བརྒྱན་པའི་ཡིད་འོང་གི་ལྡུམ་ར། །
འཛམ་གླིང་ཤུག་སྡོང་ཆེན་པོའི་སྟག་ལྷ་ཡི་སྐུ་ཤུག །
རང་བྱུང་སྐྱེད་ཚལ་ཁྲོད་དུ་བརྗིད་ཉམས་ནི་ཆེ་བ། །
གླང་མདུན་གཞིས་ཀ་བཅས་པའི་ཤོ་པ་ཡི་མཁར་རྫོང་། །
གནའ་མིའི་རྣམ་དཔྱོད་ལས་འཁྲུངས་འཛུགས་སྐྲུན་གྱི་བཟོ་བཀོད། །
དེ་མིན་སྣང་རྫོང་སླེབས་རིའི་བང་སོ་ཡི་ཚོགས་རྣམས། །
ལོ་རྒྱུས་ཉམས་ཞིབ་བྱེད་པའི་རྟེན་གཞི་ཡི་མཆོག་གྱུར། །
སྤོ་བོ་ཡུལ་གྱི་དྲི་བསུང་འཐུལ་བ་ཡི་སྤོས་དྲི། །
མཐའ་མཚམས་ཁུལ་གྱི་མེ་ཏོག་ལུང་པ་ཡི་ཇ་ལོ། །
སྨན་གླིང་གྲོང་གི་གྲངས་མེད་སྨན་སྣ་ཡི་རྩི་ཤིང་། །
རྫ་ཡུལ་དང་ནི་སྣང་རྫོང་ཡུལ་གྲུ་འདི་སྐྱིད་པ། །
ལན་རེར་འཇའ་ཚོན་བཀྲ་བཞིན་ཁུ་བྱུག་གི་གསུང་སྙན། །
ཆར་པ་ཟམ་ཟིམ་ལྷོད་ཀྱིས་སེམས་ནང་ལ་འབབ་པ། །
མཚམས་རེར་ཁ་བས་བཀླུབས་པའི་སྡོང་ལོ་རང་མཛེས་པ། །
ཉིན་གཅིག་དུས་བཞི་མཐོང་བའི་ཁོར་ཡུག་འདི་སྐྱིད་པ། །
གསང་བ་ལྐོག་གྱུར་ཅན་གྱི་ཀོང་པོ་ཡི་ཡུལ་འདིར། །
ལམ་སྣེ་བདེན་པར་སྟོན་པའི་བཤེས་གཉེན་དང་འཕྲད་ཅིང་། །
ཁྲེལ་གཞུང་ཕྱི་ཐག་རིང་བའི་གྲོགས་མཆོག་དང་འགྲོགས་ནས། །
སློབ་གཉེར་ཚུལ་བཞིན་བྱས་པའི་ངང་ཚུལ་འདི་དགའ་བ། །
སློབ་གཉེར་དབང་གིས་ཀོང་པོ་གཡུ་གཞོང་གི་ལུང་པར། །
བགྲང་བྱ་གཉིས་ཙམ་སྡོད་པའི་གོ་སྐབས་འདི་བཟང་བྱུང་། །
རང་རང་ལས་ཀྱི་བསོད་ནམས་ཆེན་པོ་རུ་སྒོམ་བཞིན། །
གཡང་ས་ཞལ་དཀར་འདི་ལ་གུས་འདུད་ཅིག་ཞུ་འདོད། །
འབྲེལ་ཡོད་གསར་འགྱུར།