དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ཡི་གཏན་གྲོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གངས་ཆབ་ལྷ་སྲས།   |     སྤེལ་དུས།  2025-10-05

    མི་མང་པོ་དང་མཉམ་དུ་འདྲིས་ཤིང་འགྲོགས་ནས་ཡོང་མཐར། ཨ་གསར་གྱི་ཆོམ་སྒྲ་ལས་རྙེད་པའི་གནས་སྐབས་ཀྱི་བརྩེ་བ་ནི་ཡིད་རྟོན་རུང་བ་ཞིག་མིན་པ་དལ་གྱིས་ཚོར། ཕྲན་ནི་ཆུང་དུས་ནས་མི་མང་པོ་དང་གྲོགས་པོ་སྒྲིག་པར་དགའ་མཁན་ཞིག་ཡིན། རིམ་གྱིས་ངོ་ཤེས་པར་གྱུར་ནས་ལོ་ཟླ་མང་པོ་བརྒལ་མྱོང་བའི་གྲོགས་པོ་ཁྱུ་གཅིག་དང་ལྷན་དུ་འཚོ་བཞིན་ཡོང་མྱོང་། འོན་ཀྱང་། ནར་སོན་གྱི་གོ་རིམ་ཁྲོད་ནས། རང་རང་གི་སྣང་བ་འགྲོ་ཕྱོགས་ཙམ་གྱིས། སྔར་གྱི་བརྩེ་འདང་དང་ཞི་མཐུན་གྱི་སྣང་བ་ཕྲ་མོ་འཇམ་ཅག་གེར་བཞུད་སོང་། སྐྱིད་སྡུག་གི་དཔུང་པ་གཤིབ་སར་སླེབས་དུས། རྒྱབ་ནས་སྐྱོར་མཁན་ཉུང་ལ། མདུན་ནས་འཐེན་མཁན་མེད་པར་ལུས་སོང་། དེ་བས། ངས་རང་སེམས་ནང་དུ་བཀུག་ནས། དཔེ་དེབ་རེ་ཟུང་བལྟས་མ་ཐག གྲོགས་ལ་བཟང་ངན་གྱི་ཁྱད་པར་ཡོད་པ་ངང་གིས་རྟོགས།

    དཔེ་དེབ་བཀླགས་ན་རང་ཉིད་རང་གིས་རྙེད་ཐུབ་ཅིང་། རང་གི་རིན་ཐང་གི་ལྟ་བ་འདྲོངས་པ་དང་བློ་གྲོས་ཀྱི་བང་རྩལ་ཇེ་མྱུར་དུ་གཏོང་ཐུབ་པའི་དགེ་མཚན་མང་པོ་ལྡན་ལ། སྐྱིད་སྡུག་གང་ཞིག་འཕྲད་ཀྱང་རང་མགོ་རང་འདྲེན་ནུས་པའི་ཐབས་ལམ་གཞལ་མེད་ཅིག་རྙེད་སྲིད། དེ་ནས་བཟུང་། འགྲོ་བ་མིའི་རིགས་ལ་འཚོ་ཐབས་དང་ཤེས་བྱ་སྣ་ཚོགས་སྦྱིན་མཁན་དང་མིག་རྒྱང་བསྐྱེད་མཁན་གྱི་དཔེ་ཆ་ནི་ངའི་གྲོགས་པོ་ཡག་ཤོས་སུ་གྱུར། དཔེ་ཆར་བརྟེན་ནས་ངའི་བསམ་བློ་ཇེ་ཟབ་ཏུ་སོང་བ་མ་ཟད། འཇིག་རྟེན་གྱི་ལྟད་མོ་མཐའ་དག་མལ་ཁྲིའི་སྟེང་ནས་ཀྱང་ལྟ་ཆོག་པ་དང་། མི་གཞན་གྱི་ཉམས་མྱོང་ལས་གྲུབ་ཅིང་། ཤེས་རབ་ཀྱིས་བྲིས་པའི་ལམ་ཡིག་མང་པོ་ཤོག་ངོས་རེ་རེའི་རྗེས་ཤུལ་དེད་ན་དལ་གྱིས་རིག་ཐུབ་པ་བྱུང་། ད་དུང་། རང་ཉིད་ཀྱི་འཚོ་བ་རོལ་སྟངས་དང་། མདུན་གྱི་དམིགས་འབེན་ལ་གྲ་སྒྲིག་ཚགས་ཚུད་པོ་བྱེད་ཐུབ་པའི་ཕན་པ་མངོན་སུམ་དུ་སྨིན་པས། ངས་ད་གཟོད་རང་གི་རྩེད་རོགས་དང་ལམ་རོགས་ཡག་ཤོས་ནི་དཔེ་ཆ་ཁོ་ན་ཡིན་པ་ཤེས།

    རྒྱ་ཆུང་ཞིང་ཁ་ཁུ་སིམ་པའི་ས་ཆ་ཞིག་ནས་དཔེ་ཀློག་མང་པོ་བྱེད་ཐུབ་ཚེ། གནའ་དེང་གི་འཇིག་རྟེན་གྱི་མཛེས་སྡུག་ལ་མྱོང་རོལ་བྱེད་ཐུབ་པ་དང་། ཚོར་བའི་ལམ་ནས་རྙེད་ཅིང་རང་གི་རྒྱུད་ལ་འབྱོར་བའི་ཡིག་འབྲུ་རེ་རེར་བརྩེ་དུང་རྣལ་མ་ཞིག་ཆགས་འོང་། དཔེ་དེབ་ཀྱིས་རྒྱལ་ཁབ་མང་པོའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མང་པོ་སྤྱན་ལམ་དུ་འཕྱུགས་པ་མེད་པར་བསྟར་ནུས་ཤིང་། ནུས་མེད་ཀྱི་འཆར་སྒོས་སྟོང་བསམ་དང་རྣམ་གཡེང་གི་གྲོག་རོང་དུ་འཕེན་ལ་ཉེ་བར་རྩོམ་དུས། བསླུ་བ་མེད་ཅིང་ལེགས་པར་སྐྱོང་མཁན་ནི་དཔེ་ཆ་རེད། གལ་ཏེ་རང་ཉིད་ཀྱི་མི་ཚེར་ཁ་དོག་སྣ་ལྔའི་འཇའ་རིས་དཀྲིག་དགོས་ཚེ། ཁྱེད་ཀྱིས་ངེས་པར་དུ་དཔེ་ཆ་ནི་འགྲོ་རོགས་དང་། སྡོད་རོགས། ཉལ་རོགས་སུ་བསྟེན་དགོས།

    ཁེར་རྐྱང་དང་སེམས་ངལ་གྱིས་མནར་དུས། བཅོས་མའི་ཁ་ཡག་ངོ་འཛུམ་གྱི་རྫུ་བག་མེད་ཅིང་། བསླུ་བྲིད་དང་མགོ་སྐོར་གྱི་དྲི་མ་ཡོངས་བྲལ་ཏེ། ལེགས་ཉེས་ཀྱི་གསལ་ཁ་སྟོན་མཁན་ནི་དཔེ་ཆ་རེད་ལ། ཐབས་ཤེས་ཡོད་རྒུ་ཟད་དེ་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་སྐབས། སྐྱོ་གདུང་གི་མུན་པ་སེལ་མཁན་ནི་ལག་གི་དཔེ་ཆ་དག་ལས་གཞན་མེད། དེས་ན། ངས་དཔེ་ཆ་རང་གི་གཏན་གྲོགས་སུ་བདམས་པ་ཡིན།

    དཔེ་དེབ་ནི་མཁས་པ་རྣམས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་རྐྱེན། གང་ཟག་སུ་ཞིག་གིས་བསམ་གཞིག་དང་བཅས་ལེགས་པར་བཀླགས་ཐུབ་ཚེ། དེས་ཁྱེད་ཀྱི་མི་ཚེར་འོད་སྣང་སྦྱིན་པ་གོར་མ་ཆག ད་དུང་། སྐུ་ཉིད་ནི་ཕུགས་བསམ་དང་ཡར་སྐྱེད་ཀྱི་བསམ་བློ་ཡོད་མཁན་ཞིག་ཡིན་ཚེ། དཔེ་ཆ་ནི་ཁྱེད་ཀྱི་ལམ་བྲོ་ངོ་མ་དེ་ཡིན་ངེས་རེད། དཔེ་ཀློག་མང་པོ་བྱེད་ཐུབ་ཚེ་གོ་རྟོགས་ཇེ་མཐོར་འགྲོ་བ་དང་། སྔོན་བྱོན་མཁས་པ་མང་པོ་དང་ལྷན་དུ་བགྲོ་གླེང་ཡག་པོ་ཞིག་བྱེད་ཐུབ་ངེས་རེད། མི་སུ་ཞིག་ཡིན་རུང་། བསྲེགས་བཅད་བརྡར་གསུམ་བྱས་པའི་གསེར་བཙོ་མ་ལྟ་བུ་ཞིག་ཏུ་འགྱུར་འདོད་ན། དཔེ་ཀློག་རྒྱུན་འཁྱོངས་བྱས་ཏེ་འཚོ་བར་རོལ་དང་། ཁྱེད་ཉིད་སྔར་ལྟར་རྨོངས་མུན་གྱི་ཀློང་དུ་མགོ་བོ་འཁོར་མི་སྲིད་ལ། འཁོས་ཞན་གྱི་རྨི་ལམ་གྱིས་ཁྱེད་ལ་མནར་གཅོད་དང་རྡུང་རྡེག་གཏོང་མི་ནུས་སོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།