དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ཐང་ག
  • བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།   ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། བདེ་ཆེན་དགྲ་འདུལ། བདེ་སྐྱིད་བུ་ཁྲིད།   |     སྤེལ་དུས།  2025-10-05

    འདི་ནི་ལྷ་འབྲི་བ་རྒན་སྤེན་པ་ཚེ་རིང་ཡིན་པ།

    འདི་ནི་དབང་པོ་སྐྱོན་ཅན་གྱི་ལྷ་འབྲི་བ་བཀྲ་ཤིས་དཔལ་ལྡན་ཡིན་པ།

    འདི་ནི་ལྷ་འབྲི་བ་བསྟན་འཛིན་བཀྲ་ཤིས་ཡིན་པ།

    འདི་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་འགྲེམས་ཚོགས་ལ་ཞུགས་པའི་གནས་ཚུལ་ཡིན་པ།

    འདི་ནི་ལྷ་འབྲི་བ་བྱམས་པ་ཡོན་ཏན་ཡིན་པ།

    འདི་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་དུ་སློབ་མར་སློབ་ཁྲིད་བྱེད་བཞིན་པ།

    འདི་ནི་གསར་འགོད་པས་ལྷ་འབྲི་བ་བསོད་ནམས་བག་བྲོ་ལ་བཅར་འདྲི་བྱེད་བཞིན་པ།

    ཨ་མདོ་བྱམས་པ་ཞེས་པའི་མཚན་དེ་རྣ་བའི་བུ་གར་ཐོས་ཚེ་གོ་མི་མྱོང་མཁན་སྤྱིར་བཏང་མེད། དམ་པ་ཁོང་ནི་དུས་རབས་ཉི་ཤུ་པའི་དུས་འགོར་འཁྲུངས་པའི་སྒྱུ་རྩལ་པ་གྲགས་ཅན་ཞིག་ཡིན་ཞིང་། སྐུ་ཚེ་ཧྲིལ་པོ་སྒྱུ་རྩལ་གྱི་དོན་དུ་ལེགས་སྐྱེས་ཕུལ་ཡོད། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་གཙོ་བོ་དངོས་བྲིས་ལུགས་ལ་བརྟེན་ནས་ཐང་ག་དང་ལྡེབས་རིས་མང་པོ་ཞིག་བཞེངས་ཡོད་པ་དང་། བརྩམས་ཆོས་མང་དག་ཅིག་ཚན་པ་དང་། དགོན་སྡེ། ཁྱིམ་ཚང་སོགས་ཀྱིས་ཉར་ཚགས་བྱས་ཡོད། 2002ལོར་སྒྱུ་རྩལ་པ་གྲགས་ཅན་ཁོང་སྐུ་ཚེའི་འཕེན་པ་རྫོགས་ཀྱང་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གིས་དམ་པ་ཁོང་གི་མཛད་པ་མུ་མཐུད་བསྐྱངས་དང་སྐྱོང་མུས་ལགས། ཐང་གའི་སྒྱུ་རྩལ་གླིང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ལམ་གྱི་བདེ་སྐྱིད་ལྡུམ་རའི་སྡེ་ཁུལ་དུ་ཡོད་པ་དང་། སྒྱུ་རྩལ་གླིང་དེས་སྤྱི་ཚོགས་ཀྱི་ཁྲོད་དུ་དངོས་བྲིས་ལུགས་ཀྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་གང་ལེགས་ཡོང་ཆེད་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གང་ལེགས་ཡོང་ཆེད་ནུས་པ་གལ་ཆེན་འདོན་བཞིན་མཆིས།

    རྒྱུན་འཛིན་མི་སྣ་གསོ་སྐྱོང་བྱས། དངོས་བྲིས་ལུགས་ཀྱི་བྲིས་རྒྱུན་བསྐྱངས།

    གསར་འགོད་པས་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་འཛུགས་པའི་བརྒྱུད་རིམ་སྐོར་འདྲི་སྐབས། འགན་འཁུར་བ་བློ་བཟང་རྣམ་རྒྱལ་གྱིས“བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་ནི་1999ལོར་བཙུགས་པའི་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭ་དེ་ཉིད་རིམ་བཞིན་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་། 2010ལོར་ང་ཚོའི་ཐང་གའི་སྒྱུ་རྩལ་གླིང་འདིར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཚན་པའི་མཚན་སྙན་ཐོབ་ཡོད། ང་ཚོའི་སྒྱུ་རྩལ་གླིང་གིས་སྒྱུ་རྩལ་པ་གྲགས་ཅན་ཨ་མདོ་བྱམས་པས་སྲོལ་བཏོད་པའི་དངོས་བྲིས་ལུགས་དང་སྨན་ཐང་ལུགས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག རྒྱུན་དུ་ཐང་གའི་གཞུང་ལུགས་སྐོར་གྱི་སློབ་ཁྲིད་ལ་དོ་སྣང་བྱས་ནས་གཞུང་ལུགས་དང་ལག་ལེན་གཉིས་ལྡན་གྱི་ལྷ་འབྲི་བ་མཚན་ལྡན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་བཞིན་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངོས་བྲིས་ལུགས་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གི་ཁྱད་ཆོས་གཙོ་བོ་ཞིག་རེད། གསར་འགོད་པས་དངོས་བྲིས་ལུགས་ཀྱི་ཐང་གའི་རྨང་གཞི་གང་ནས་བྱུང་མིན་སྐད་ཆ་འདྲི་སྐབས། བློ་བཟང་རྣམ་རྒྱལ་གྱིས“སྤྱིར་རི་མོ་ནི་འགྲོ་བ་མིའི་རིགས་བྱུང་བའི་རྗེས་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བ་ཞིག་རེད། བོད་ཀྱི་དངོས་བྲིས་ལུགས་ཀྱི་རི་མོ་ལ་མཚོན་ན། ཡུམ་བུ་བརླ་མཁར་གྱི་ལྡེབས་རིས་སུ་གཉའ་ཁྲི་བཙན་པོ་གཉའ་བར་བཏེགས་ཚུལ་བཀོད་ཡོད། དེ་ནི་བོད་དུ་དངོས་བྲིས་རི་མོ་དར་བའི་རྨང་གཞི་ལྟ་བུ་ཡིན་ཞེས་པའི་བཤད་སྲོལ་ཡང་ཡོད”ཅེས་བཤད།

    བོད་ལྗོངས་ཨ་མདོ་བྱམས་པའི་མཛེས་རྩལ་སློབ་གྲྭས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་སྐབས་དམ་པ་ཁོང་དགུང་ལོ་བརྒྱད་ཅུ་ལྷག་ཕེབས་ཟིན་ནའང་སྔར་བཞིན་སྐུ་ངལ་ལ་མ་འཛེམས་པར་སློབ་མ་རྣམས་ལ་སློབ་ཁྲིད་གནང་གི་ཡོད་པ་རེད། སྒྱུ་རྩལ་པ་གྲགས་ཅན་ཨ་མདོ་བྱམས་པའི་དངོས་བྲིས་ལུགས་དེ་ས་ཕྱོགས་གང་སར་གྲགས་པ་ཆེན་པོ་ཡོད་སྟབས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་རི་མོ་ལ་དགའ་བའི་ལས་དང་པོ་བ་མང་དག་ཅིག་མ་སྐུལ་དང་བླངས་ཀྱིས་དེ་གར་རི་མོ་སྦྱོང་བར་ཡོང་གི་ཡོད། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་སྔོན་བྱོན་གྱི་སྒྱུ་རྩལ་མཁས་པའི་བརྩམས་ཆོས་ཁག་དཔྱད་གཞིར་མཛད་ཐོག རང་ཉིད་ཀྱི་ཕྱག་བྲིས་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས《རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིག་པའི་དགོངས་རྒྱན》ཞེས་པའི་དཔེ་ཆ་སྤུས་མ་ཞིག་བརྩམས་ཡོད་པ་དང་། ད་ཆ་དཔེ་ཆ་དེ་སྒྱུ་རྩལ་གླིང་གི་སློབ་གཞི་གལ་ཆེན་དུ་གྱུར་ཡོད། དམ་པ་ཁོང་དགུང་ལོ་མཐོ་བས་ཉིན་ལྟར་སློབ་ཁྲིད་བྱེད་མི་ཐུབ་སྟབས། དུས་རྒྱུན་ཁོང་གི་དངོས་སློབ་སྤེན་པ་ཚེ་རིང་གིས་དམ་པ་ཁོང་གི་ཚབ་བྱས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

    བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་དེ་དངོས་སུ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཚན་པའི་མིང་གཞུང་ནང་ཚུད་པ་དང་དུས་མཚུངས། རྒན་སྤེན་པ་ཚེ་རིང་ལ་ཨ་མདོ་བྱམས་པའི་དངོས་བྲིས་རི་མོའི་རྒྱུན་འཛིན་མི་སྣའི་གོ་མིང་ཐོབ་ཡོད། དེ་རྗེས་རྒན་སྤེན་པ་ཚེ་རིང་གིས་ཐང་གའི་སྒྱུ་རྩལ་གླིང་གི་ཚབ་བྱས་ནས་ལོ་ལྟར་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ལ་ཞུགས་ཀྱི་ཡོད། ཁོང་ལ་དེ་སྔ་བོད་ལྗོངས་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ལྷ་འབྲི་དགེ་རྒན་གྱི་མཚན་སྙན་ཐོབ་མྱོང་བ་དང་། ཀྲུང་གོའི་ཐང་གའི་རིག་གནས་དུས་ཆེན་སྐབས་སུ་ཁོང་གི་བརྩམས་ཆོས་ལ་རིམ་པ་གཉིས་པའི་དངུལ་གྱི་བྱ་དགའ་ཡང་ཐོབ་མྱོང་། 2014ལོར་རྒན་སྤེན་པ་ཚེ་རིང་ལ་ལྗོངས་རིམ་པའི་བཟོ་རྩལ་མཛེས་བཀོད་དགེ་རྒན་ཆེ་མོ་བའི་གོ་མིང་ཐོབ་ཡོད།

    དགེ་རྒན་སྤེན་པ་ཚེ་རིང་གིས“1999ལོ་ནས་ད་བར་ང་ཚོའི་སློབ་གྲྭས་སློབ་མ་200ཙམ་གསོ་སྐྱོང་བྱས་ཡོད། སློབ་མ་དེ་དག་གི་ཁྲོད་ནས་ཕལ་མོ་ཆེས་རང་ཉིད་ཀྱི་ཐང་གའི་ལག་རྩལ་ལ་བརྟེན་ནས་རང་མགོ་རང་ཐོན་བྱུང་ཡོད་པ་དང་། བོད་ཀྱི་དངོས་བྲིས་ལུགས་ཀྱི་ཐང་གའི་རྒྱུན་འཛིན་ཐད་ནུས་པ་གལ་ཆེན་བཏོན་ཡོད”ཅེས་བཤད། ཁོང་གིས་མུ་མཐུད་དུ“བོད་ཀྱི་དངོས་བྲིས་ཐང་གའི་སྒྱུ་རྩལ་དང་བོད་ཀྱི་སྨན་ཐང་ལུགས་ཀྱི་ཐང་གའི་བྲིས་རྒྱུན་གོང་འཕེལ་གཏོང་ཆེད། 2017ལོ་ནས་བཟུང་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གིས་གཞུང་ལུགས་དང་ལག་ལེན་གཉིས་ལྡན་གྱི་ལྷ་འབྲི་བ་མང་པོ་གསོ་སྐྱོང་བྱས་ཡོད། མ་འོངས་པར་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་གར་སྟེགས་སྟེང་ཕུལ་བྱུང་གི་མི་སྣ་མང་དག་ཅིག་ཐོན་པའི་རེ་བ་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གིས་རྒྱུན་དུ་དབང་པོ་སྐྱོན་ཅན་གྱི་ལྷ་འབྲི་བའི་གསོ་སྐྱོང་ལའང་ཤུགས་རྒྱག་གི་ཡོད་པ་རེད། ལྷ་འབྲི་བ་བཀྲ་ཤིས་དཔལ་ལྡན་དང་ཚེ་རིང་ཉི་མ་ནི་དབང་པོ་སྐྱོན་ཅན་ཡིན་ཡང་རང་རང་གི་ཕུགས་བསམ་དོན་དུ་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་དུ་ལོ་བཅུ་ཙམ་སློབ་སྦྱོང་བྱས། དཀའ་སྤྱད་ལས་ལ་འབྲས་བཟང་སྨིན་ཞེས་པ་བཞིན་ཁོང་རྣམ་གཉིས་ཀྱི་དཀའ་སྤྱད་འབད་བརྩོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས། ད་ཆ་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གི་ཐང་གའི་དགེ་རྒན་དུ་གྱུར་ཞིང་། ཁོང་རྣམ་གཉིས་ཀྱིས་མ་འོངས་པའི་ལོ་ཟླར་ཐང་གའི་སྒྱུ་རྩལ་གྱི་ལམ་དུ་ཞུགས་མཁན་གྱི་སློབ་མ་མང་པོ་གསོ་སྐྱོང་ཐུབ་པའི་འདུན་པ་དྲག་པོ་འཆང་བཞིན་ཡོད་པ་རེད།

    བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གིས་ལྷ་འབྲི་བ་མང་པོ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཡོད་པའི་བུ་ཕྲུག་ཚོར་ཕྱོགས་གང་ཅིའི་ཐད་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། ཐང་གའི་སྒྱུ་རྩལ་གླིང་དེའི་ཁོངས་གཏོགས་ཡིན་པའི་ཨ་ཀ་ཚང་མངགས་བཅོལ་ཁང་གིས་དབྱར་གསེང་དང་དགུན་གསེང་རིང་ཐང་གའི་སྒྱུ་རྩལ་གླིང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་རིན་གོང་ཕབ་གཅོག་དང་ཡང་ན་རིན་པ་མི་དགོས་པར་སློབ་ཚན་ཁྲིད་དེ་སྤྱི་ཚོགས་ཕན་བདེའི་ལས་ཀར་རང་ནུས་འདོན་བཞིན་ཡོད་པ་རེད།

    རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ། ཐང་གའི་སྒྱུ་རྩལ་གསོན་ཤུགས་ཆེ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱ་རྒྱུ་མཐའ་འཁྱོངས་ཀྱིས། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་ལྟར། ཐང་གའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐང་གའི་རིག་གནས་དང་ཐང་གའི་ཐོན་ལས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གི་ལས་དོན་གཙོ་བོ་ཞིག་ཡིན་པ་རེད།

    བློ་བཟང་རྣམ་རྒྱལ་གྱིས“ད་ཆ་ང་ཚོའི་ཐང་གའི་སྒྱུ་རྩལ་གླིང་དང་འདྲ་བའི་ཐང་གའི་ལས་རིགས་ལ་ཞུགས་མཁན་ཚང་མ་ཁྲོམ་རའི་དཔལ་འབྱོར་ལ་ཁ་ཕྱོགས་ཡོད། ཐང་གའི་རིག་གནས་རྒྱུན་འཛིན་གྱི་ལས་ཀ་ཡག་པོ་ཡོང་བའི་རྨང་གཞིའི་ཐོག རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་ཞུགས་ན་ང་ཚོའི་ཐང་གའི་སྒྱུ་རྩལ་གླིང་འདིར་མུ་མཐུད་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་རྒྱུའི་གདེང་ཚོད་བརྟན་པོ་ཡོད”ཅེས་བཤད།

    བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་ཡོང་བའི་རྨང་གཞིའི་ཐོག རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད། དེའི་སྐོར་ལ་སྤེན་པ་ཚེ་རིང་གིས“ང་ཚོའི་ཐང་གའི་སྒྱུ་རྩལ་གླིང་གིས་རིག་གནས་སྒྱུ་རྩལ་འགྲེམས་ཚོགས་སོགས་ལ་ཧུར་ཐག་ཞུགས་ཀྱི་ཡོད། ང་ཚོའི་ཐང་གའི་བརྩམས་ཆོས་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་པས་མངགས་ཉོ་བྱེད་མཁན་ཡང་མང་པོ་འདུག དེ་མིན་ཐང་ག་དང་འབྲེལ་བའི་ཐང་གའི་ཡུལ་སྐོར་ཐོན་རྫས་མངགས་ཉོ་བྱེད་མཁན་ཡང་མང་པོ་འདུག”ཅེས་བཤད།

    ལྷ་འབྲི་བ་བསྟན་འཛིན་བཀྲ་ཤིས་དང་བསོད་ནམས་བག་བྲོ་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་གི་དགེ་རྒན་རེད། ཁོང་རྣམ་གཉིས་ནི་བོད་ལྗོངས་ཨ་མདོ་བྱམས་པ་ཐང་གའི་སྒྱུ་རྩལ་གླིང་ལ་དངོས་བྲིས་ལུགས་དང་སྨན་ཐང་ལུགས་ཀྱི་ཐང་གའི་འབྲི་སྲོལ་ལ་སྦྱངས་པ་མཐར་ཕྱིན་བྱས་རྗེས། དེ་གར་ཐང་གའི་དགེ་རྒན་བྱས་ཏེ་སློབ་མ་མང་པོ་གསོ་སྐྱོང་གི་བགྱི་བར་གཞོལ་བཞིན་ཡོད།

    གསར་འགོད་པ་བཅར་འདྲི་བྱེད་པར་ཡོང་སྐབས། ལྷ་འབྲི་བ་བསྟན་འཛིན་བཀྲ་ཤིས་དང་བསོད་ནམས་བག་བྲོས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་མཁོ་བའི་ཐང་ག་ཆུང་གྲས་ཁག་གཅིག་བཞེངས་བཞིན་འདུག ཁོང་རྣམ་གཉིས་ཀྱིས་གསར་འགོད་པར“ཐང་ག་དེ་དག་ནི་ཡུལ་སྐོར་ཀུང་སིས་མངགས་ཉོ་བྱས་པ་ཤ་སྟག་རེད། ཐང་ག་བཞེངས་ཚར་རྗེས་ཡུལ་སྐོར་ཀུང་སིས་ཡུལ་སྐོར་བ་རྣམས་ལ་འཚོང་གི་ཡོད། མིག་སྔར་ཐང་ག་ཆུང་ཆུང་དེ་འདྲ་ས་ཕྱོགས་གང་ས་གང་ནས་མངག་ཉོ་བྱེད་མཁན་མང་པོ་འདུག སྤྱིར་བཏང་བྱས་ན་ང་གཉིས་ཀྱིས་ཉིན་གཅིག་ལ་ཐང་ག་ཆུང་ཆུང་དེ་འདྲ་གསུམ་ཙམ་བཞེངས་ཐུབ། ཐང་ག་ཆུང་ཆུང་ནི་ཡུལ་སྐོར་གྱི་དགོས་མཁོ་ལ་དམིགས་ནས་བཟོས་པ་ཞིག་རེད། ཐང་ག་ཆུང་ཆུང་བཙོངས་ནས་བྱུང་བའི་ཡོང་འབབ་ཁག་ནི་ངེད་ཐང་གའི་སྒྱུ་རྩལ་གླིང་གི་ཡོངས་ཁུངས་སྣ་གཅིག་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།