དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རི་ཆུ་བརྒལ་བའི་ཐུག་འཕྲད། ཕུགས་བསམ་སྙེགས་པའི་འགྲུལ་བཞུད།

    —— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ལས་གཏོད་གཞོན་ནུ་ལི་ཧའེ་ཐང་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བདེ་སྐྱིད་ཁུལ་ཆུང་དུ་གནས་པའི་གཙང་འགྲམ་ཨར་ཁང་གི་སྦྱིན་བདག་ལི་ཧའེ་ཐང་ནི་ཀོང་ཏུང་གི་གཞོན་ནུ་ཞིག་ཡིན་པ་དང་ཉིང་ཁྲིར་ཚོང་རྒྱག་པར་ཡོང་དོན་གང་ཡིན་ནམ།

    ལི་ཧའེ་ཐང་གི་ཨ་མ་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་བོད་རིགས་ཤིག་ཡིན་ཞིང་། ན་གཞོན་སྐབས་ཀྱི་ཨ་མ་དང་ཀོང་ཏུང་ནས་ཡོང་བའི་ཨ་ཕ་གོར་མོ་ནས་ངོ་ཤེས་ཏེ་དགའ་རོགས་བསྒྲིགས་པ་དང་མཐར་གཉེན་སྒྲིག་བྱས་ཏེ་ཀོང་ཏུང་དུ་གཞིས་ཆགས། ཨ་མས་བཤད་པའི་སྐད་ཆ་དེ་སྤྱི་སྤྱོད་སྐད་མིན་ལ་ཀོང་ཏུང་གི་སྐད་ཀྱང་མིན་པས། ཆུང་དུས་ནས་མཚོ་འགྲམ་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་ལི་ཧའེ་ཐང་ཨ་མར་ཡ་མཚན་ཆེན་པོ་སྐྱེ་ཡི་ཡོད་པ་རེད།

    ཨ་མ་ནི་བོད་རིགས་ཡིན་པ་དང་ཨ་མའི་ཕ་ཡུལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ནས་ཡིན་པ་ཤེས་རྗེས། ལི་ཧའེ་ཐང་གི་དོཌ་པ་སེལ་ཡོད་ལ། དེའི་རྐྱེན་གྱིས་བོད་དང་ཉིང་ཁྲིར་འགྲོ་འདོད་ཀྱི་བསམ་པའང་ངང་གིས་སྐྱེས་ནས་ལི་ཧའེ་ཐང་ཉིང་ཁྲིར་རྡོག་ཐོན་བྱས།

    ཁོང་ཨ་མ་འཚར་ལོངས་བྱུང་སའི་ཀོང་པོ་རྒྱ་མདའ་རྫོང་དུ་བསྐྱོད་པ་དང་བྲག་གསུམ་མཚོའི་འགྲམ་ནས་སྐྱོད་སྐབས་ལི་ཧའེ་ཐང་ལ་དེ་གར་སླེབས་མྱོང་བའི་ཚོར་སྣང་ཆེན་པོ་བྱུང་བ་རེད།

    སྐབས་དེར“འཁྱམ་པོ”ཞིག་ལ་གཞི་ནས་སེམས་པ་ཕྱོགས་སའི་ཁྱིམ་གཞིས་ཤིག་རྙེད་པ་ལྟར་གྱི་ཚོར་སྣང་བྱུང་ཞིང་། མཚོ་འགྲམ་གྲོང་ཁྱེར་གྱི་སྔོན་ཐོན་ཚོང་གཉེར་འདུ་ཤེས་ལ་བརྟེན་ནས་ལི་ཧའེ་ཐང་གིས་ཨ་མའི་ཕ་ཡུལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་གཞི་ཚུགས་རྒྱུའི་སེམས་ཐག་བཅད།

    མཚོ་འགྲམ་ཨར་ཁང་སྐྲུན་པའི་བརྒྱུད་རིམ་ཁྲོད་ལི་ཧའེ་ཐང་གིས་ཉིང་ཁྲིའི་ལས་གཏོད་ཁོར་ཡུག་བཟང་པོ་མྱོང་ཚོར་ཐུབ་ཅིང་། སྲིད་ཇུས་ཀྱི་རོགས་སྐྱོར་ནས་འགྲོ་ལུགས་གཉེར་བའི་བར་ཁོང་གིས་ས་གནས་དེ་གའི་སྲིད་གཞུང་གིས་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་ཚོར། བྲག་ཡིབ་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་ལས་ཨར་ཁང་དུ་ཡོང་མཁན་སྐུ་མགྲོན་མང་པོ་ཡོད་པ་རེད།

    དུས་ཀྱི་ཆུ་རྒྱུན་དང་བསྟུན་ནས་ལི་ཧའེ་ཐང་ཉིང་ཁྲིར་སེམས་པ་ཆགས་པ་དང་། ཉིང་ཁྲིའི་སེམས་རྒྱུད་བཟང་ཞིང་བབ་ཆགས་པའི་མང་ཚོགས་དང་། བྲག་ཡིབ་ཀྱི་བདེ་ཞིང་སྐྱིད་པའི་ཁོར་ཡུག དེ་བཞིན་མི་ཆོས་རིག་གནས་དང་ལོ་རྒྱུས་བཅས་ལ་རིམ་གྱིས་སེམས་པ་ཆགས། ལི་ཧའེ་ཐང་གིས་གསར་འགོད་པར“ངས་ཨ་མའི་གཉེན་ཉེ་དང་གྲོགས་པོ་རྙིང་པ་ཁ་ཤས་དང་འབྲེལ་བ་གང་ཐུབ་བྱས་ནས་གཉེན་ཉེ་དང་གྲོགས་པོ་དེ་བས་མང་བ་འཚོལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ཨར་ཁང་ནང་གི་འཁྲུག་ཆ་དོད་པའི་རྣམ་པར་ལྟ་བཞིན་དུ་ལི་ཧའེ་ཐང་གི་སེམས་ལ་སྤྲོ་སྣང་དང་སྤོབས་པ་ཆེན་པོ་སྐྱེས་ཤིང་། ཁོང་གིས“ཉིང་ཁྲི་ནི་རེ་བ་དང་གོ་སྐབས་ཀྱིས་ཁེངས་པའི་ས་ཆ་ཞིག་རེད། དེ་གར་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ཡོད་པ་མ་ཟད། ད་དུང་ལས་གཏོད་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་ཡོད། མི་དེ་བས་མང་བ་ཉིང་ཁྲིར་ལས་གཏོད་བྱེད་པར་ཡོང་ནས་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱས་ཏེ་ཉིང་ཁྲི་འདི་ཉིད་ང་ཚོའི་ཕུགས་བསམ་ཁྲོད་ཀྱི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    དེ་ནི“འཁྱམ་པོ”ཞིག་གིས་རང་ཉིད་ཀྱི་འབྱུང་ཁུངས་འཚོལ་བའི་གཏམ་རྒྱུད་ཅིག་རེད། ལི་ཧའེ་ཐང་གིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཉིང་ཁྲིར་བཅངས་པའི་བརྩེ་བ་མཚོན་པ་མ་ཟད། མི་དེ་བས་མང་བ་མཛེས་སྡུག་ལྡན་པའི་ཞིང་ཁམས་དེར་ཡོང་ནས་ཉིང་ཁྲིའི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པར་གདན་འདྲེན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།