དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ་ཞེས་པའི་སློབ་ཚན་གྱི་ཚིག་སྦྱོར་ཁྱད་ཆོས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-29

    དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ་ཞེས་པ་འདི་ནི་ལྗོངས་ཞིང་ལྔའི་སྐད་ཡིག་བསླབ་གཞི་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས་པའི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སྐད་ཡིག་སློབ་དེབ་ལྔ་པའི་ངེས་སྦྱོང་ནང་འཁོད་པའི་སློབ་ཚན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་མཐོ་རྒྱུགས་སྐབས་སུ་བོད་སྐད་ཡིག་གི་རྒྱུགས་གཞི་ལ་ལྟ་ཀློག་བསམ་གཞིག་གཙོ་བོར་བྱེད་པས་ན། དཔལ་མིའི་དབང་པོའི་རྟོགས་བརྗོད་ནི་རྒྱ་སྐྱེད་ལྟ་ཀློག་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་མཐོང་བས། འདིར་མི་དབང་རྟོགས་བརྗོད་ཀྱི་རྩོམ་པ་པོ་ངོ་སྤྲོད་པ་དང་སྦྲགས་དེའི་ཚིག་སྦྱོར་གྱི་ཁྱད་ཆོས་ཅུང་ཟད་གླེང་བར་བྱ།

    དང་པོ། རྟོགས་བརྗོད་ཀྱི་རྩོམ་པ་པོ་ངོ་སྤྲོད།

    རྟོགས་བརྗོད་གང་དེའི་རྩོམ་པ་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ(1697-1763)ནི་སྟག་ལུང་ག་ཟིའི་གདུང་དུ་ཡབ་ཚངས་པ་དང་ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་འཁྲུངས། ངེས་པ་དོན་གྱི་མཁས་པ་ཆེན་པོ་ལོ་ཆེན་དྷརྨ་ཤྲཱིའི་ཞབས་པད་བསྟེན་ཏེ། འཕགས་ཡུལ་མཁས་དབང་དཎྜིའི་བཞེད་གཞུང་སྙན་ངག་ལེའུ་གསུམ་པའི་བཀའ་ཁྲིད་ཞུས་ཤིང་། རྩོམ་རྒྱུགས་ཀྱང་ཕུལ། 1717ལོར་གྲི་གུ་ལྕགས་རྩེ་རྫོང་གི་རྫོང་དཔོན་གནང་ཞིང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་འབྲི་འགོ་བརྩམས། ཕོ་ལྷ་བའི་སྐབས་དང་། ཝང་འགྱུར་མེད་རྣམ་རྒྱལ་གྱི་སྐབས་སོགས་སུ་ཁྱོན་ལོ་ངོ་སུམ་ཅུ་སོ་བཞི་བཀའ་བློན་གནང་། བརྩམས་ཆོས་ལ། 《དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་མམ་ཡོངས་གྲགས་སུ་མི་དབང་རྟོགས་བརྗོད》དང་། རང་གི་མི་ཚེའི་བྱུང་བ་བརྗོད་པ《བཀའ་བློན་རྟོགས་བརྗོད》 མེ་ལོང་ལུགས་ཀྱི་ཚིག་སྦྱོར་ལས་བརྩམས་པའི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》《རྒྱ་གར་གྱི་སྐད་དང་བོད་སྐད་གྱི་ཉེར་མཁོའི་ཐ་སྙད་ཕྱོགས་བསྒྲིགས་སཾ་བོད་ཤན་སྦྱར་བརྡ་སྤྲོད་གསལ་བྱེད་ཀཱ་ལིའི་ཕྲེང་བར་བསྒྲིགས་པ》སོགས་ཡོད།

    གཉིས་པ། རྟོགས་བརྗོད་ཀྱི་ཚིག་སྦྱོར་ཁྱད་ཆོས།

    གཅིག ཚིག་གི་སྤྲོས་པ་ཤིན་ཏུ་ཆེ་བས། ཚིག་སྦྱོར་ཤིན་ཏུ་བརྗིད་པ།

    དབུས་གཙང་དྭགས་ཀོང་གི་དཔུང་དམག་ཆེན་པོ་བཤམས་ཞེས་པའི་ནང་དོན་དཔེ་རུ་དྲངས་ནས་བརྗོད་ན། རྟོགས་བརྗོད་དེ་ཉིད་ལས། “དེ་ནས་མི་རིང་བར་དབུས་ཀོང་གི་དཔུང་ཚོགས་ཆེན་པོ་ཚན་པོ་ཆེ་རྣམས་རང་རང་གི་ཡུལ་དུ་གདོང་ཕྱོགས་ཏེ་ཕྱིར་ལྡོག་པ་ནི་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ན་ནོར་བུ་དོན་དུ་གཉེར་བའི་དེད་དཔོན་དོན་མཐུན་འཁོར་གྱི་ཚོགས་གྲངས་མེད་པས་ཡོངས་སུ་བསྐོར་ཏེ། ངལ་བ་དང་དུབ་པ་ཁྱད་དུ་བསད་ནས་གྲུ་གཟིངས་ལ་བརྟེན་ཏེ་རྒྱ་མཚོར་ཞུགས་པ་ན། མི་མཐུན་པའི་རླུང་ཀུན་ནས་ལངས་ཏེ་གྲུ་གཟིངས་ནི་ཞིག་ཅིང་ཐོར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་མ་ལོན། ལས་ཀྱི་ལྷག་མའི་དབང་གིས་ཤིང་རྡུམ་དག་བཟུང་ནས་སྲོག་གི་རྒྱུ་བ་མ་འགགས་ཙམ་དུ་རྒྱ་མཚོའི་ཚུར་ངོགས་སུ་ཕྱིན་ཐུབ་ཙམ་དང་འདྲ་བར། ཕོ་ལྷ་ཐའི་ཇི་དཔུང་དང་བཅས་པ་ཚར་གཅོད་དོ་ཞེས་ཡུལ་དབུས་གཙང་དྭགས་ཀོང་ཧོར་སོག་དང་བཅས་པའི་དཔུང་ཚོགས་གྲངས་མེད་པ་ནི་བཤམས”ཞེས་བརྗོད་འདོད་ཀྱི་དོན་འདི་ཉིད་དཔེ་རྒྱ་མཚོར་ནོར་བུ་ལེན་དུ་ཕྱིན་པའི་ཚོང་པ་དག་རླུང་གི་འཇིགས་པས་གྲུ་གཟིངས་ཞིག་སྟེ། ནོར་བུ་ལོན་རྒྱུ་ཕར་ཟད་ཤིང་རྡུམ་ལ་སྐྱབས་བཅོལ་ཏེ་སྲོག་མགོ་གང་ཐོན་དུ་ཡོང་བའི་རྣམ་པར་བྲིས་པས་བརྗོད་བྱའི་ནང་དོན་ལ་ཟབ་བརྗིད་ཀྱི་ཆ་དང་ལྡན་པར་བྱས་ཤིང་། འདི་ལྟའི་དཔེ་འཇོག་ལུགས་ནི་མེ་ལོང་མའི་ལུགས་ཀྱི་སྙན་ངག་ལ་ལད་འབྲི་བྱས་པས། གསུང་རབ་བསྟན་བཅོས་ཆེན་པོ་དག་ལ་འཇུག་པའི་སྒོ་འཕར་ཡངས་པོར་ཕྱེ་བ་ཡིན།

    གཉིས། མཚུངས་བྲིས་རྩལ་དུ་བཏོན་པས། གཟུགས་བརྙན་ལྷམ་མེར་འཆར་བ།

    མི་དབང་རྟོགས་བརྗོད་ལས། “མིའི་དབང་པོ་རང་ཉིད་དཔུང་ཚོགས་དང་བཅས་པ་གོ་ཆ་བཙན་པོ་ནི་བཀླུབས། མཚོན་ཆའི་བྱེ་བྲག་རྣོ་དབལ་དང་ལྡན་པ་རླུང་སྤུ་གྲིའི་འཕུལ་འཁོར་ལྟ་བུ་ནི་བཟུང་། རྟ་མཆོག་རླུང་གི་ཤུགས་དང་ལྡན་པ་མཇུག་མ་བཅིངས་ཤིང་སྒ་སྲབ་ཀྱིས་བཏུལ་བ་ནི་བཅིབས། འཆི་བདག་གཤིན་རྗེ་རྒྱལ་པོའི་རྟེན་ཐུག་མེའི་ཚ་ཚ་མངོན་སུམ་དུ་འཕྲོ་བ་དེ་ཉིད་སྔོན་དུ་འགྲོ་ཞིང་། དེ་ནས་མིའི་དབང་པོ་རང་ཉིད་ཞེ་སྡང་གིས་མྱོས་པས་བཞིན་རས་ཉི་མ་འཆར་ཁའི་དཔལ་ལྟར་དམར་བ། ཞལ་ནས་ང་རྒྱལ་གྱི་ལྦུ་བ་དཀར་པོ་འབབ་པ། དབུ་དཔྲལ་ན་རྩ་གསུམ་གྱེན་དུ་སྒྲེང་ཞིང་ཕྱག་གཉིས་འདྲིལ་བཞིན་པ། ཞམ་རིང་བ་དག་གིས་སྲབ་མདའ་ནས་བཟུང་བའང་ལྕག་གིས་བྲབ་པ་དང་། མཚོན་རྡེག་པར་རྩོམ་པ། མཆོང་ངོ་གསོད་དོ་ཞེས་པའི་སྒྲ་ཚམ་རྔམ་ཅན་བཅོས་མིན་དུ་སྒྲོག་བཞིན་པར་རང་ཉིད་ཁོ་ནས་རུ་སྣེ་དྲངས་ཏེ་སྦྲུལ་ཟངས་མིག་ཐུར་དུ་རྒྱུག་པ་དང་འདྲ་བར་ཚམ་ཚོམ་མེད་པར་མཆོངས་པ་ན”ཞེས་གཟུགས་བརྙན་དང་ལྡན་པ་བརྩམས་སྒྲུང་རྩོམ་པ་པོའི་མི་སྣ་ལྟར་བཞེངས་བསྐྲུན་བྱས་པས། ཕོ་ལྷ་བ་དམག་ལ་ཞུགས་སྐབས་ཀྱི་གཟུགས་བརྙན་ཀློག་པ་པོའི་ཡིད་ལ་ལྷང་ངེར་འཆར་ཞིང་། སྒྱུ་རྩལ་འདི་ནི་རྟོགས་བརྗོད་གཞན་པ་དག་ཏུ་ཤིན་ཏུ་མཇལ་དཀའ།

    གསུམ། ངག་སྦྱོར་བརྣན་པར་བྱས་པས། ཚིག་སྦྱོར་ཕུན་སུམ་ཚོགས་པར་གྱུར་པ།

    མི་དབང་རྟོགས་བརྗོད་ལས། “གཡུལ་ཕམ་པའི་སྐྱེ་བོ་དང་བཞོན་པའི་ཚོགས་ཆེས་མང་པོ་ནི་ཉམས་པར་བྱས། ཉུང་བར་བྱས། ཟད་པར་བྱས”ཞེས་གཡུལ་ཕམ་པའི་དམག་མི་དམག་རྟ་སོགས་ཤི་རྨས་མང་པོ་བྱུང་བའི་ཚུལ་ཉམས་པ་དང་། ཉུང་བ། ཟད་པ་བཅས་ཚིག་གསུམ་ལ་བརྟེན་ནས་མཚོན་པ་ལྟ་བུ་དང་། ཡང་དེ་ཉིད་ལས། “སྐྱེ་བོ་ཉམ་ཆུང་བ་ཉེས་པ་མེད་པ་ཁྱོད་ཅག་རྣམས་བརྡེག་པ་དང་། འཚོག་པ་དང་། སྲོག་འཕྲོག་པར་བྱེད་པའི་རྒྱུ་ཅི་ཞིག་ཡོད”ཅེས་བརྡེག་འཚོག་སྲོག་འཕྲོག་ལས་རྩིང་སྤྱོད་མཚོན་པ་དང་། ཡང་དེ་ཉིད་ལས། “དུས་ཀྱི་འཁྲུག་ལོང་དྲག་པོས་ཉམ་ཐག་པར་མ་གྱུར་ཏམ། ངལ་ཞིང་དུབ་པར་མ་གྱུར་ཏམ། ཁྱོད་ཉིད་རྒྱལ་རྩེའི་གཡུལ་གྱི་དོ་རར་མ་རུང་བར་གྱུར་ཏོ”ཞེས་ཉམ་ཐག་དང་། ངལ་དུབ། མ་རུང་བ་གསུམ་ལས་ཉམ་ངའི་རྣམ་པ་མཚོན་པ་ལྟ་བུ་སོགས་སོ།

    ཇི་སྐད་དུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “(མི་དབང་རྟོགས་བརྗོད་ལ)བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྙན་ངག་གི་ཚིག་སྦྱོར་བྱེད་སྟངས་བེད་སྤྱོད་བྱས་ཡོད་སྟབས། རྩོམ་ཡིག་གི་སྒྱུ་རྩལ་ཆུ་ཚད་མཐོ་ཙམ་ཡོད”ཅེས་གསུངས་ལ། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་ཀྱང་། “ཁོང་ནི་ཁང་ཆེན་དམར་པོའི་རྨི་ལམ་ཞེས་པའི་རྩོམ་པ་པོ་གྲགས་ཅན་ཚའོ་ཤོས་ཅིང་(曹雪芹)འདྲ་བའི་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་ནོ”ཞེས་གསུངས་པ་ལྟར། བློ་གསར་རྣམས་ཀྱིས་བསླབ་ཚན་འདི་ཉིད་ཀྱི་ཚིག་སྦྱོར་ལ་མིག་ལྟོས་བྱེད་པ་ཤིན་ཏུ་གལ་ཆེའོ།

    (མིག་དམར་བུ་ཁྲིད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།