རླངས་འཁོར་དང་འབྲེལ་བའི་དྲན་འཆར། །
ངའི་ཕ་ཡུལ་ནི་ལུང་ཁུག་ཅིག་ཏུ་ཡོད་པས་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་དང་། ཆུ་གློག སྣུམ་ནག་གཞུང་ལམ་སོགས་དར་ཧ་ཅང་འཕྱིས་པ་ཡིན།
ང་རང་རྫོང་སློབ་འབྲིང་དུ་སློབ་གྲྭར་འགྲོ་དུས་ཙམ་ནས་ང་ཚོའི་ཤང་ལ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་སྔོ་དཀར་རེ་གཉིས་ཤིག་དང་། འཇིབ་འཁོར་གཅིག་ཙམ་ལས་མེད་ཅིང་། དེ་དག་ཀྱང་གཙོ་བོ་ཤང་སྲིད་གཞུང་གི་ལས་བྱེད་པ་དང་དངོས་ཟོག་ཕར་སྐྱེལ་ཚུར་ལེན་བྱེད་པར་སྤྱོད་པ་ཡིན་པས། ཕ་ཡུལ་གྱི་མང་ཚོགས་རྣམས་རྫོང་ཐོག་གམ་དེ་ལས་ཐག་རིང་བའི་ས་ཆར་འགྲོ་དགོས་ན་ཤིན་ཏུ་སྟབས་མི་བདེ་བ་ཡིན་ཏེ། སྐབས་དེ་དུས་མགྲོན་འཁོར་ཧ་ལམ་མཐོང་རྒྱུ་མེད་ལ། ཤང་སྲིད་གཞུང་གི་རླངས་འཁོར་དེ་དག་ཀྱང་སྐབས་རེ་དོན་དག་འདྲ་ཡོད་ན་རྫོང་དུ་འགྲོ་བ་ལས་དམིགས་བསལ་གྱི་དོན་དག་མེད་ན་འགྲུལ་པ་རེ་གཉིས་སྐྱེལ་བར་རྫོང་དུ་འགྲོ་སྲོལ་མེད་པས། གལ་སྲིད་ཕ་ཡུལ་གྱི་མི་རྣམས་ལ་ཡིན་གཅིག་མིན་གཉིས་རྫོང་མཁར་དུ་འགྲོ་དགོས་པའི་དོན་དག་གལ་ཆེན་འདྲ་ཡོད་ན། ཡང་ན་ཤང་སྲིད་གཞུང་གི་རླངས་འཁོར་ནམ་འགྲོ་ལ་སྒུག་ནས་སྡོད་པའམ། ཡང་ན་རྟར་བཞོན་པའམ་རྐང་ཐང་དུ་རྫོང་མཁར་དུ་འགྲོ་བ་ལས་ཐབས་གཞན་མེད།
ང་རང་རྫོང་སློབ་འབྲིང་དུ་སློབ་གྲྭར་འགྲོ་བའི་ལོ་གསུམ་གྱི་རིང་ལ། ཐེངས་དང་པོར་དབྱར་ཁ་ཆར་ཞོད་ཆེ་དུས་ཤིག་ལ་འཁེལ་བས། ཆུ་ལོག་གིས་ལམ་བུ་ཁྱེར་ཏེ་རླངས་འཁོར་བགྲོད་ཐབས་མ་བྱུང་བས་ཨ་ཕས་ང་རང་རྐང་ཐང་དུ་རྫོང་སློབ་འབྲིང་དུ་བསྐྱལ་བ་དང་། (སྐབས་དེ་དུས་ལམ་རྒྱགས་དང་ཉལ་ཆས་སོགས་མཁོ་ཆས་ཙག་ཙིག་དག་བོང་བུར་བཀལ་ནས་སོང་བ་ད་ལྟའང་གསལ་པོར་དྲན) དེའི་རྗེས་སུ་ཐེངས་མ་གཉིས་ཙམ་ཞིག་གུང་གསེང་བཏང་རྗེས་རྫོང་ནས་ཕ་ཡུལ་དུ་ལོག་པར་རླངས་འཁོར་མ་རག་པས་ཉིན་མཚན་སྦྲེལ་ཏེ་རྐང་ཐང་གིས་ཕ་ཡུལ་དུ་ལོག་པ་ཕུད། སྐབས་ཕལ་ཆེར་དུ་ཤང་སྲིད་གཞུང་གི་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་སྔོ་དཀར་དེ་ལ་སྐྱབས་བཅོལ་ནས་ཡོང་བ་ཡིན་པས། ད་ལྟའང་ཁྱུག་དབྱིངས་སོགས་དྲ་ཐོག་ལས་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་གྱི་བརྙན་ནམ་པར་རིས་འདྲ་མཐོང་དུས་སེམས་སུ་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་རང་ཤུགས་ཀྱིས་འཕེལ་ཡོང་།
སྐབས་དེ་དུས་ཤང་སློབ་ཆུང་ནས་སློབ་མཐར་ཕྱིན་ན། ཆེད་དུ་རྫོང་སློབ་འབྲིང་དུ་རྒྱུགས་སྤྲོད་པར་རྫོང་ཐོག་ཏུ་འགྲོ་དགོས་པས། ང་ཚོ་སློབ་མ་རྣམས་ཤང་སྲིད་གཞུང་གི་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་དེས་ཤང་ནས་རྫོང་དུ་རྒྱུགས་སྤྲོད་པར་བསྐྱལ། སྐབས་དེ་དུས་ང་དང་ང་དང་འདྲ་བའི་སློབ་མ་ཕལ་ཆེར་རླངས་འཁོར་ལ་བསྡད་དེ་ཐག་རིང་དུ་འགྲོ་ཐེངས་དང་པོ་ཡིན་པས། ཚང་མའི་སེམས་སུ་དགའ་སྣང་དང་མཚར་སྣང་གིས་བརྟས་ནས་ཡོད་ཀྱང་། དེ་དུས་ཕ་ཡུལ་ནས་རྫོང་བར་གྱི་ལམ་ནི་ཀྱག་ཀྱོག་མང་ལ་ཞེང་ཚད་ཆུང་བ་དང་། འབར་འབུར་སྒང་གཤོང་མི་སྙོམས་པའི་རླངས་འཁོར་བགྲོད་ཐུབ་ཙམ་ཞིག་རང་ཡིན་པས། རླངས་འཁོར་གྱི་འགྲོས་ཧ་ཅང་དལ་རུང(ད་ལྟ་བསམས་ན་ཧ་ཅང་དལ་པོ་ཡིན་པ)ལམ་བུ་འབར་འབུར་མང་བས་རླངས་འཁོར་གཡས་གཡོན་དུ་ཡོམ་ཙམ་རེ་བྱས་ན་སློབ་མ་ཁ་ཤས་རེ་རླངས་འཁོར་འགྲོ་གིན་དུ་རླངས་འཁོར་གྱི་སྟེང་ནས་ལམ་གྱི་གཡས་གཡོན་དུ་མཆོངས་འགྲོ་བ་ཁ་ལོ་བ་དང་ཁ་ལོ་བ་འདུག་སའི་གཡས་གཡོན་དུ་བཞུགས་པའི་རྒན་ལགས་རྣམ་པས་མཁྱེན་ནས་སློབ་མ་རྣམས་ལ་རླངས་འཁོར་གྱི་འགྲོས་དལ་པོ་ཡིན་པས་ཉེན་ཁ་མེད་ཚུལ་དང་། རླངས་འཁོར་འགྲོ་གིན་དུ་རླངས་འཁོར་ལས་མཆོངས་མི་རུང་བ། ད་དུང་རླངས་འཁོར་གྱི་འགྲོས་གང་དལ་བྱས་ཆོག་ཚུལ་སོགས་གསུངས་ཀྱང་། རླངས་འཁོར་ལ་ཡོམ་ཤུགས་ཆེན་རེ་བརྒྱབ་ན་སློབ་མ་འགའ་རེས་མཆོངས་རྐྱང་བྱེད་པས། རླངས་འཁོར་མགྱོགས་པོར་གཏོང་ཐབས་གཏན་ནས་མ་རྙེད།
དབྱར་གསེང་དང་དགུན་གསེང་གང་ཡིན་མི་དྲན་མོད། གང་ལྟར་གུང་གསེང་གཏོང་ཐེངས་ཤིག་ལ། ང་དང་ཤང་གཅིག་པའི་སློབ་གྲོགས་ཁ་ཤས་ཤིག་ལ་ཕ་ཡུལ་དུ་ལོག་པའི་རླངས་འཁོར་མ་རག་པས། རྐང་ཐང་དུ་ལོག་རྒྱུར་གཏན་འཁེལ་ཏེ་རྐང་ཐང་དུ་ཐོན། རྫོང་ནས་ཡར་ཙམ་སོང་རྗེས་ཀྱི་གད་ཁ་གྲོང་རྡལ་དུ་མ་སླེབས་ཙམ་ལ་རྫོང་ནས་ཐོན་ཡོང་བའི་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་ཞིག་ཡོང་བ་ང་ཚོས་རིག་སྟེ་འཕྲལ་མར་ང་ཚོ་ཚང་མས“སེ་ཅི་ལགས། ང་ཚོ་ཡར་ཙམ་འཇུག་རོགས་གནང་དང་། སྐུ་མཁྱེན”ཞེས་ཚང་མས་ལག་པ་རྐྱོང་མཉམ་དང་སྐད་རྒྱག་མཉམ་གྱིས་ཞུ་བ་འཐེན་ཡང་ཁ་ལོ་བས་ཁ་ཡ་ཙམ་ཡང་མ་བྱས་པར་རླངས་འཁོར་ཤུགས་ཀྱིས་བཏང་སོང་བའི་སྟབས་ཀྱིས་སློབ་མ་མི་ཉུང་བ་ཞིག་གིས་རླངས་འཁོར་ལ་གཏད་དེ་ཐུ་ལུད་འཕངས་པ་དང་། ང་ཚོའི་ཁྲོད་ནས་སློབ་མ་ངག་དབང་བསྟན་འཛིན་ཞེས་པ་པྲ་ཆལ་ཅན་དེས་རླངས་འཁོར་ལ་རྡོ་འཕངས་པས་རླངས་འཁོར་ལ་མ་ཕོག་ཀྱང་ཁ་ལོ་བས་མཐོང་སྟེ་རླངས་འཁོར་ཁ་བཀག་ནས་ངག་དབང་བསྟན་འཛིན་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས། སྐབས་དེའི་རླངས་འཁོར་གྱི་ཁ་ལོ་བ་ནི་ཤང་སྲིད་གཞུང་གི་འབྲུ་གཉེར་བ་ཟླ་བ་ནོར་བུ་ཟེར་བ་མི་སྤྲོ་ཐུང་ཞིག་ཡོད་པ་དེ་ཡིན་པ་ད་ལྟའང་གསལ་པོར་དྲན།
སྐབས་དེ་དུས་ཕ་ཡུལ་དུ་མགྲོན་འཁོར་མེད་པས་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་དེ་རིགས་ཀྱིས་ཟོག་དང་མི་གཉིས་ཀ་དབོར་འདྲེན་བྱེད་ཀྱི་ཡོད་ཅིང་། སྐབས་མང་ཆེ་བར་དངོས་ཟོག་རླངས་འཁོར་གྱི་རྒྱ་ཁྲ་ལས་མ་ལུད་ཙམ་རེ་བླུགས་པའི་ཁར་འགྲུལ་པ་འཚང་ཁ་བརྒྱབ་སྟེ་ག་ཚོད་ཤོང་བ་རེ་བླུགས་ཏེ་འགྲོ་བ་ཡིན་པས། དོག་དྲགས་ཏེ་རྐང་ལག་ཀྱང་སྒུལ་དཀའ་ལ། ལམ་བར་དུ་བཙོག་གཅིན་བྲོ་སྟེ་ཁ་ལོ་བ་སྐད་བཏང་ཡང་ཁ་ལོ་བ་བསམ་ཤེས་མེད་པ་དེ་འདྲ་བྱུང་ན། འགྲུལ་པས་རང་ཉིད་བོས་པ་གོ་ཡང་མ་གོ་མདོག་གིས་རླངས་འཁོར་ཁ་མི་འགོག་པས་འགྲུལ་པས་བཙོག་གཅིན་བསྲན་ཏེ་གཅིན་སྣོད་ཀྱང་ཐོར་མི་ཡོང་ངམ་སྙམ་པ་ཙམ་གྱི་སྡུག་བཟོད་ཐུབ་དགོས་པ་ཡིན་ལ། བྱིས་པ་ཡིན་ན་རླངས་འཁོར་གྱི་འཁོར་སྒྲོམ་དུ་བཙོག་གཅིན་རང་སར་གཏོང་བ་ལས་ཐབས་གཞན་མེད། སྐབས་རེ་མི་མང་པོ་འཚང་ཁ་བརྒྱབ་པས་གཅིག་གི་རྐང་བ་གཅིག་གིས་མནན་ཏེ་སྒུལ་སྐྱོད་བྱེད་མི་བདེ་བས་རྐང་པ་སྦྲིད་དེ་རླངས་འཁོར་གྱི་འཁོར་སྒྲོམ་ལས་མར་འབབ་དུས་རྐང་པས་ལུས་པོ་མ་ཁྱོག་ཙམ་རེ་བྱེད་ཀྱི་ཡོད།
ང་ཚོའི་ཤང་གི་ཁ་ལོ་བ་སྟོབས་ལགས་སྐབས་རེ་དོན་དག་འདྲ་ཡོད་ན་ཤང་སྲིད་གཞུང་གི་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར་དེ་བཏང་ནས་ང་ཚོའི་གྲོང་ཚོར་ཡོང་གི་ཡོད་ཅིང་། སྐབས་དེ་དུས་གྲོང་ཚོའི་མི་ཕལ་ཆེ་བ་རླངས་འཁོར་ལ་སྡོད་མ་མྱོང་བས། རླངས་འཁོར་ལ་བསྡད་འདོད་མེད་པ་ཧ་ལམ་ཡོད་མི་སྲིད་ལ། ཕོ་གཞོན་ཕོ་གཞོན་ཡིན་ན་དེ་བས་ཀྱང་རླངས་འཁོར་ལ་བསྡད་ནས་འགྲོ་འདོད་ཡོད་པ་རྐྱང་རྐྱང་ཡིན་པས། ཁ་ལོ་བ་སྟོབས་ལགས་ང་ཚོའི་གྲོང་ཚོར་སླེབས་རིམ་བཞིན་གྲོང་ཚོའི་ཕོ་གཞོན་མོ་གཞོན་དག་གིས་ཁ་ལོ་བ་སྟོབས་ལགས་ལ་རླངས་འཁོར་ལ་སྡོད་དུ་འཇུག་རོགས་ཞེས་རེ་བ་ཞུས་ཏེ་དོན་དག་ཅི་ཡང་མེད་ཀྱང་ཁ་ལོ་བ་སྟོབས་ལགས་ཀྱི་ཟོག་སྐྱེལ་རླངས་འཁོར་གྱི་འཁོར་སྒྲོམ་དུ་བསྡད་དེ་གྲོང་ཚོ་ནས་ཐོན་ཏེ་ཤང་སྲིད་གཞུང་དུ་འགྲོ་བ་དང་། ཤང་སྲིད་གཞུང་ནས་རྐང་ཐང་དུ་ཡར་གྲོང་ཚོར་ལོག་ཡོང་གི་ཡོད། ད་ལྟ་བསམས་ན། སྐབས་དེ་དུས་ཀྱི་བྱེད་སྟངས་དེ་ནི་ངོ་མ་དགོད་བྲོ་བ་དང་སྣང་བ་སྐྱིད་པོ་ཞིག་ལོས་ཡིན་ཏེ། རླངས་འཁོར་སྐྱོད་ཀྱིན་དུ་འཁོར་སྒྲོམ་དུ་ཕོ་གཞོན་ཕོ་གཞོན་ཚོས་སྐད་ཤུགས་ཆེན་པོས་ཕ་ཡུལ་གྱི་གླུ་གཞས་སྣ་ཚོགས་རེས་མོས་སུ་ལེན་ཞིང་། མཚམས་རེ་ཚིག་གསར་རྩོམ་གྱིས་ཁ་ལོ་བར་ཡང་བསྟོད་པའི་གླུ་དེ་འདྲ་གཏོང་བ་ཡིན།
ང་རང་ཆུང་དུས་སུ་རླངས་འཁོར་ལ་བསྡད་མ་མྱོང་མོད། གྲོང་ཚོའི་བཟའ་དཔོན་མང་པོ་འཛོམས་སར་ཁོ་ཚོས་ཇ་ཁ་ཆང་ཁ་ནས་རླངས་འཁོར་དང་ཁ་ལོ་བའི་སྐོར་གླེང་བ་མང་པོ་ཞིག་ཐོས་མྱོང་ཞིང་། དེ་དག་ལས་ཀྱང་ཐོས་མང་ཤོས་ཀྱི་ཁ་ལོ་བ་ནི་ཁ་ལོ་བ་སྟོབས་ལགས་དང་། ཁ་ལོ་བ་སྤྲེལ་པ་སངས་གཉིས་རེད། འགའ་རེས་ཟེར་ན་རླངས་འཁོར་གཏོང་བར་ཁ་ལོ་བ་སྟོབས་ལགས་ལས་ཁ་ལོ་བ་སྤྲེལ་པ་སངས་འཇོན་ཟེར། ཁ་ཤས་ཀྱིས་ཟེར་ན་སྤྲེལ་པ་སངས་ལས་སྟོབས་ལགས་འཇོན་ཟེར། ཡང་ཁ་ཅིག་གིས་ཟེར་ན། ཐེངས་གཅིག་ཁ་ལོ་བ་སྟོབས་ལགས་ཀྱི་རླངས་འཁོར་ལ་འགག་སྒོ་ཞིག་ནས་ཉེན་རྟོག་པས་ཞིབ་བཤེར་བྱེད་དུས་སུ། ཁ་ལོ་བ་སྟོབས་ལགས་ཀྱིས་ཉེན་རྟོག་པའི་ཞིབ་བཤེར་དང་ལེན་མ་བྱས་པར་རླངས་འཁོར་ཤུགས་ཀྱིས་བཏང་སོང་བས། ཉེན་རྟོག་པས་རླངས་འཁོར་བཏང་སྟེ་རྗེས་འདེད་བྱས་ཀྱང་ཁ་ལོ་བ་སྟོབས་ལགས་ཀྱིས་ལག་རྩལ་ལ་བརྟེན་ནས་རླངས་འཁོར་ཀྱི་རྐུབ་ནས་རྡུལ་འཚུབ་མང་པོ་བསླངས་པས་ཉེན་རྟོག་པས་ཀྱང་རྗེས་མ་ཟིན་ཚུལ་ལ་བལྟས་ན་ཁ་ལོ་བ་སྟོབས་ལགས་ཁ་ལོ་བ་སྤྲེལ་པ་སངས་ལས་འཇོན་པ་ཡོད་ཟེར།
ང་ཚོའི་གྲོང་ཚོའི་ད་ལྟའི་ཁ་ལོ་བ་དག་གིས་ཀྱང་རླངས་འཁོར་སྨྱོས་པ་ལྟར་ཅི་ཐུབ་གང་ཐུབ་ཀྱིས་མགྱོགས་པོར་གཏོང་བ་དེ་ཡང་རང་ཉིད་རླངས་འཁོར་གཏོང་བར་འཇོན་པོ་ཡོད་མདོག་སྟོན་པ་དང་འདྲ།
རླངས་འཁོར་གང་འདྲ་ཞིག་ལ་བསྡད་རུང་། ང་ཚོས་ནམ་ཡང་ཁ་ལོ་བར་རླངས་འཁོར་གཏོང་དུས་བརྟན་པོ་དང་ལྷིང་པོ་ཡོད་རབས་བཤད་དེ་བསྔགས་བརྗོད་བྱས་ན་འགྲིག་མོད། རླངས་འཁོར་མགྱོགས་པོ་གཏོང་བ་འཇོན་ཐང་དུ་བརྩིས་ནས་བསྔགས་བརྗོད་བྱས་ན་རང་གཞན་གཉིས་ཀར་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་མེད་པས། རླངས་འཁོར་གྱི་ཁ་ལོ་བར་བསྟོད་བསྔགས་གཏོང་སྟངས་མ་ནོར་བ་ཞིག་ཅིས་ཀྱང་དགོས་པ་ཡིན་ནོ།།
འབྲེལ་ཡོད་གསར་འགྱུར།