སློབ་མ་ལེ་ལོ་ཅན། །
ཞོགས་པའི་སྐྱ་བརྡ་མ་བཏང་ཙམ་ཞིག་ནས། །
བརྩོན་འགྲུས་ཀྱིས་ནི་མལ་ལ་རྡོག་རྒྱག་གིས། །
ཁྱོད་ཀྱིས་ང་ལ་མགོ་སྐོར་མ་གཏོང་ཞེས། །
ཤེད་ཀྱིས་ཕར་ལ་བཤུས་ནས་མལ་ལས་ལངས། །
ཨ་མས་བླུགས་པའི་ཆུ་འཁོལ་ཤེལ་ཕོར་གང་། །
མགྱོགས་པར་བཏུངས་རྗེས་སྐད་ཡིག་དཔེ་དེབ་དེ། །
ལག་ཏུ་བཟུང་ནས་ངག་སྐྱོར་གཏོང་གིན་དུ། །
ཁང་པའི་ཤར་གྱི་ཞིང་ཐང་སྟེང་དུ་ཕྱིན། །
ཧ་ལམ་ཆུ་ཚོད་ཕྱེད་ཀ་སོང་མཚམས་སུ། །
གློ་བུར་ཁ་པར་སླེབས་པའི་སྐད་སྒྲ་ཡིས། །
བློ་རྩེ་གཅིག་གིས་ངག་སྐྱོར་གཏོང་བ་ལ། །
དོན་མེད་བར་ཆད་བཟོས་པས་སུན་སྣང་སྐྱེས། །
ཝ་ཡེ་བརྩོན་འགྲུས་ཁྱོད་ཀྱིས་སྐད་ཡིག་གི། །
སྦྱོང་ཚན་དེ་དག་བྲིས་ནི་ཚར་ཡོད་ཤག །
ཚར་ན་གང་མགྱོགས་ང་ལ་སྐུར་རོགས་ཞེས། །
སློབ་མ་ལེ་ལོས་འཚབ་འཚུབ་སྒོ་ནས་སྨྲས། །
ལེ་ལོའི་བྱེད་སྟངས་སྙིང་ལ་མི་འཐད་པས། །
བརྩོན་འགྲུས་ཀྱིས་ནི་ལེ་ལོར་གསལ་འདེབས་ཤིག །
བྱས་ན་ཅུང་ཟད་ཕན་པའི་རྒྱུར་སྙམ་སྟེ། །
ཤ་ཚའི་ཚུལ་དུ་སྙིང་གཏམ་འདི་ལྟར་གླེང་། །
ཝ་ཡེ་གྲོགས་པོ་སློབ་དུས་གཉིས་ཙམ་ནས། །
དུ་བ་མེད་པའི་མཐོ་རྒྱུགས་དམག་འཐབ་ལས། །
རྒྱལ་ཁའི་བ་དན་དགུང་དུ་བསྒྲེང་འདོད་ན། །
སློབ་སྦྱོང་འདི་ལ་གཡོ་ཟོལ་སྙིང་ནས་སྤོངས། །
སློབ་སྦྱོང་ཐད་ནས་སུ་ཡིས་དགེ་རྒན་ལ། །
མགོ་སྐོར་གཏོང་ན་དོན་དུ་རང་ཉིད་ཀྱིས། །
རང་ཉིད་བསླུས་པས་དེ་ལས་ལྐུགས་པ་ཞིག །
སྲིད་པ་གསུམ་དུ་བཙལ་ཀྱང་རྙེད་དུ་མེད། །
ལེ་ལོས་མུ་མཐུད་ཉན་འདོད་མ་བྱས་པར། །
ཨ་རོགས་གྲོགས་པོ་སྐུར་འདོད་ཡོད་ན་སྐུར། །
སྐུར་འདོད་མེད་ན་སུན་པོ་མ་བཟོ་རོགས། །
ང་ནི་མུ་མཐུད་ཉལ་དགོས་ཡོད་དོ་ཟེར། །
མི་ཉན་པ་ལ་ཁ་ཏ་བྱེད་པ་ནི། །
ཀོ་སྐམ་ལག་པས་མཉེད་དང་འདྲ་མོད་ཀྱང་། །
འགའ་རེའི་ལྷག་བསམ་དུང་ལས་དཀར་བ་ཡིས། །
བོང་བུའི་རྣ་བར་གསེར་ནི་བླུག་པར་འདོད། །
བརྩོན་འགྲུས་ཐབས་ཟད་སྦྱོང་ཚན་མ་བསྐུར་ན། །
ལེ་ལོས་དགྲ་རུ་འཛིན་དོགས་སེམས་ཁྲལ་གྱིས། །
ཁ་པར་བརྒྱུད་དེ་རང་གི་སྦྱོང་ཚན་དེ། །
པར་གྱི་རྣམ་པས་སློབ་མ་ལེ་ལོར་བསྐུར། །
ལེ་ལོ་དགའ་སྟེ་སློབ་མ་བརྩོན་འགྲུས་ལ། །
སློབ་གྲོགས་བཟང་པོ་ཟེར་ན་འདི་འདྲར་ཟེར། །
དགོས་དུས་ཕན་པ་འདོགས་པ་དེ་འདྲར་ཟེར། །
ཁྱོད་ནི་ང་ཡི་མགོན་སྐྱབས་ཡིན་ནོ་ཟེར། །
བརྩོན་འགྲུས་ཁོང་དགོད་ཤོར་མུར་ལེ་ལོ་ལ། །
སྙིང་རྗེ་རབ་ཏུ་སྐྱེས་མོད་བརྩོན་འགྲུས་ལ། །
འདྲེན་པའི་ལྕགས་ཀྱུ་ཡོད་ཀྱང་ལེ་ལོ་ལ། །
འཁོན་པའི་ཨ་ལོང་མེད་པས་ཅི་བྱར་མེད། །
ལེ་ལོས་གང་མགྱོགས་ཁྲལ་སེལ་སླ་བཅོས་ཀྱིས། །
བཤུས་པའི་སྐད་ཡིག་སྦྱོང་ཚན་ཏིང་ཏིང་དུ། །
འཚབ་འཚུབ་སྒོ་ནས་བསྐུར་རྗེས་རང་ཉིད་ནི། །
འཇིག་རྟེན་འདི་ན་སྤྱང་ཤོས་ཡིན་པར་སྙམ། །
སློབ་མ་ལེ་ལོ་དྲ་ལམ་སློབ་ཁྲིད་ལ། །
ཤིན་ཏུ་དགའ་སྟེ་མལ་ལས་མ་ལངས་ཀྱང་། །
སློབ་ཚན་ཉན་གྱིན་ཞོར་དུ་གཉིད་ཆོག་པས། །
བྱེད་སྙིང་གང་འདོད་རང་དབང་ཤིན་ཏུ་ཆེ། །
ཞོགས་པའི་སློབ་ཚན་དང་པོ་ཚུགས་ན་ཡང་། །
སློབ་མ་ལེ་ལོ་མལ་ལས་ལང་རྒྱུ་ཡིན། །
ལེ་ལོས་ཁ་པར་སྤྱད་དེ་ཏིང་ཏིང་དུ། །
འཛུལ་མ་ཐག་ཏུ་མུ་མཐུད་ཉལ་ནས་བསྡད། །
ཨང་རྩིས་དགེ་རྒན་སྐད་ཤུགས་ཆེ་བ་ཡིས། །
ལེ་ལོའི་གཉིད་ལ་བར་ཆད་བཏང་དྲགས་པས། །
ལེ་ལོས་འཁང་རའི་སྐད་ཆས་སྨོད་ཀྱིན་དུ། །
སློབ་ཚན་ཁྲིད་པའི་སྐད་དེ་བཀག་ནས་བཞག །
དེ་མུར་ལེ་ལོ་སླར་ཡང་གཉིད་དུ་ཡུར། །
རྨི་ལམ་ནང་དུ་མཐོ་རྒྱུགས་གཏོང་བ་རྨིས། །
མཐོ་རྒྱུགས་བཏང་ནས་སློབ་ཆེན་ཚུད་པ་རྨིས། །
སློབ་ཆེན་ནང་དུ་དགའ་རོགས་སྒྲིག་པ་རྨིས། །
རང་གི་དགའ་རོགས་གཞན་གྱིས་འཕྲོག་པ་རྨིས། །
འཕྲོག་མཁན་གང་དེས་རང་ཉིད་རྡུང་བ་རྨིས། །
རྡུང་གིན་རྡུང་གིན་གསོད་པར་ཡོང་བ་རྨིས། །
ན་ཟུག་དངངས་སྐྲག་མ་བཟོད་གཉིད་ལས་སད། །
ལེ་ལོའི་ཐོད་པར་རྔུལ་ཆུ་ཁྲུམ་ཁྲུམ་ཞིག །
གདོང་ལ་བརྗོད་དཀའི་རྣམ་འགྱུར་སྐྱུར་མོ་ཞིག །
མལ་གྱི་ནང་དུ་རྟུག་དྲི་སྟུག་པོ་ཞིག །
སྔས་མགོའི་སྟེང་དུ་སྐད་མེད་ཁ་པར་ཞིག །
ལེ་ལོས་ཁ་པར་བླངས་ཏེ་ལྟ་དུས་སུ། །
སློབ་ཚན་དང་པོ་གྲོལ་ནས་གཉིས་པ་ཡང་། །
ཚུགས་ནས་སྐར་མ་བཅུ་ཙམ་སོང་བར་ཤེས། །
ལེ་ལོ་ད་གཟོད་མལ་ལས་ལངས་འགོ་ཚུགས། །
མལ་ལས་ལངས་རྗེས་ཁ་ངོ་འཁྲུད་པ་དང་། །
ལྟོ་ཆས་ཟ་རིང་སློབ་ཚན་གཉིས་པ་གྲོལ། །
སློབ་ཚན་གསུམ་པ་བཞི་པ་ལྔ་པ་ཡང་། །
མི་བྱེད་རྒུ་བྱེད་མང་པོས་རྫོགས་པར་བྱས། །
འབྲེལ་ཡོད་གསར་འགྱུར།