རིག་གནས་ཡུལ་སྐོར་དུས་ཆེན་གཉེར། སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ།
“སྤོས”ཀྱི་བརྗོད་དོན་གཙོ་བོའི་གླུ་གར་འཁྲབ་སྟོན་ཡིན་པ།
“སྤོས”ཀྱི་བརྗོད་དོན་གཙོ་བོའི་གླུ་གར་འཁྲབ་སྟོན་ཡིན་པ།
བརྗོད་དོན་གཙོ་བོའི་ཚོང་འདུས་ཀྱི་ཚོང་ཟོག་ཡིན་པ།
མཛད་སྒོ་འཚོག་ཡུལ་ཡིན་པ།
ཉེ་ཆར། “སྤྲོ་གསེང་གི་གནས་མཆོག སྙེ་མོར་ལྷན་དུ་འཛོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས”ཀྱི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་ཐོན་པའི་མཛེས་ལྗོངས་ཁུལ་དུ་གཉེར་བ་རེད།
འགོ་ཚུགས་མཛད་སྒོའི་ཉིན་དེར་འཁྲུག་ཆ་ཤིན་ཏུ་དོད་པ་དང་། “སྤོས”ཀྱི་བརྗོད་དོན་གཙོ་བོའི་གླུ་གར་འཁྲབ་སྟོན་དང་། རྣམ་གྲངས་ལ་གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་མཛད་སྒོ། བརྗོད་དོན་གཙོ་བོའི་ཚོང་འདུས། རིག་གནས་ཉམས་ལེན། ཇོ་མོ་གངས་དཀར་རོལ་དབྱངས་འདུ་ཚོགས། དེ་བཞིན་མེ་ཕུང་དགོང་ཚོགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། དེའི་ནང་རིག་གནས་ཉམས་ལེན་ཁུལ་དེ་ཉིད་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་ཚོས་མིག་མདུན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་མི་འདྲ་བའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ། སི་ཁྲོན་ནས་ཡོང་བའི་ཨ་ཅག་ཧྥུང་ལགས་ཀྱིས“སྙེ་མོའི་སྤོས་སྐད་གྲགས་ཆེན་པོ་ཡོད་པ་ཐོས་མྱོང་བ་དང་། རང་ཉིད་ཀྱིས་དངོས་སུ་སྤོས་བཟོའི་བརྒྱུད་རིམ་མྱོང་རོལ་ཐུབ་པ་དེ་ནི་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད་འདུག རང་གིས་བཟོས་པའི་སྤོས་མཐོང་སྐབས་དངོས་འབྲེལ་གྲུབ་འབྲས་ལེགས་པོ་ཐོབ་པའི་སྣང་བ་ཞིག་ཡོང་གི་འདུག དེས་མ་ཚད་སྤོས་བཟོ་བའི་བརྒྱུད་རིམ་ནང་སྤོས་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པར་རྒྱུས་མངའ་བྱུང་ལ། བོད་ཀྱི་རིག་གནས་ལའང་ངོས་འཛིན་ཟབ་མོ་བྱུང”ཞེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། “སྙེ་མོའི་གྲོག་རོང་ཆེན་པོ། ཐོན་པ་སྤོས་ཀྱི་འབྱུང་ཁུངས”ཀྱི་སྤོས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིང་སྤོས་བཟོ་བའི་ཉམས་ལེན་ཕུད། ད་དུང་དམངས་སྲོལ་འཁྲབ་སྟོན་དང་ཁྱད་ལྡན་ཞིམ་ཟས་འགྲེམ་ཚོང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་ཡུལ་སྐོར་བ་ཚོས་སྙེ་མོའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མྱོང་ཚོར་ཐུབ་པ་དང་། སྙེ་མོའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་སྤོས་ཀྱི་འབྱུང་ཁུངས་ཡིན་པའི་སྙེ་མོ་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཁྱད་དུ་འཕགས་པ། དངོས་པོའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་སྣ་མང་ཕུན་སུམ་ཚོགས་པོ་ཡོད། ཐོན་མི་སམ་བྷོ་ཊ་དང་ཇོ་མོ་གངས་དཀར་སོགས་གྲགས་ཅན་མི་སྣ་དང་གངས་རི། “སྤུས་རྟགས་གསུམ་དང་རྩལ་ནུས་བདུན” “ལྷ་སའི་ལག་ཤེས་བཟོ་ཁང” “རིག་གནས་དང་སྤོས་ཀྱི་ཕ་ཡུལ”སོགས་ཀྱི་མཚན་སྙན་བཟང་པོ་ཕྱོགས་བཅུར་གྲགས་པ་དང་། ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་། རང་བྱུང་མཛེས་ལྗོངས། ཡུལ་སྲོལ་གོམས་འདྲིས་བཅས་ལས་ལྗོངས་ཕྱི་ནང་གི་སྤྱི་ཚོགས་ལས་རིགས་ཁག་གི་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད།
ད་ཐེངས་ཀྱི་བྱེད་སྒོ་ནི་སྙེ་མོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མཚོན་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། སྙེ་མོའི“བོད་ཡིག་སྲོལ་གཏོད་པའི་ཕ་ཡུལ། སྤོས་ཀྱི་རིག་གནས་ཀྱི་འབྱུང་ཁུངས”ཞེས་པའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་མུ་མཐུད་གཏོང་བ་དང་ཐོན་ལས་འཁོར་འབྲེལ་གལ་ཆེན་གྱི་ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་སྙེ་མོའི་སྲོལ་རྒྱུན་གྱི“སྤུས་རྟགས་གསུམ་དང་རྩལ་ནུས་བདུན”གྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས“ཡར་ཀླུང་གཙང་པོ། སྙེ་མོའི་རོང་ཆེན”གྱི་སྤུས་རྟགས་གཏོད་རྒྱུ་གཙོ་རྐང་དུ་བྱས་ཏེ། “ལྷ་སའི་བྱང་སྐོར་ལམ་ཐིག”ནང་རང་འགུལ་ངང་མཉམ་འདྲེས་བྱས་ནས་མི་རིགས་ལག་ཤེས་བཟོ་ལས་དང་། སྤྲོ་གསེང་ལྟ་སྐོར་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་ལས། རིག་གནས་ཡུལ་སྐོར་ལས་རིགས་སོགས་སྣ་མང་ཅན་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།