དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • “སློབ་མ་ཚོས་དགའ་པོ་བྱེད་པ་དང་ཁྱིམ་བདག་བློས་འཁེལ་བའི་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་ཀྱི་ཡིན”

    —— རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་མཚམས་གཅོད་སྒྲོལ་དཀར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-22

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་གྲྭར་བུད་མེད་དགེ་རྒན་ཞིག་གིས་བགྲང་བྱ་14ཡི་རིང་ལས་གནས་བརྟན་སྲུང་གིས། མཐའ་མཚམས་ཀྱི་སློབ་གསོའི་འཐབ་ས་དང་པོར་མི་དམངས་དགེ་རྒན་གྱི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་དང་དགའ་ཞེན་གྱི་ལེའུ་རྩོམ་བཞིན་མཆིས། ཁོང་ནི་2024ལོའི་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་མཚམས་གཅོད་སྒྲོལ་དཀར་རེད།

    ད་ལོ་ལོ་39ལ་སླེབས་པའི་མཚམས་གཅོད་སྒྲོལ་དཀར་2011ལོར་སློབ་གསོའི་ལས་གནས་སུ་སླེབས་པ་དང་། ད་ཆ་སློབ་གྲྭའི་མཐོ་རིམ་དགེ་རྒན་རེད། ལས་ཀར་ཞུགས་པའི་ཉིན་དེ་ནས་བཟུང་ཁོང་གིས“སློབ་མ་ཚོས་དགའ་པོ་བྱེད་པ་དང་ཁྱིམ་བདག་བློས་འཁེལ་བའི་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་རྒྱུ”དེ་དམིགས་ཚད་དུ་བཟུང་ནས་ལོ་མང་རིང་སློབ་ཁྲིད་ཀྱི་འཐབ་ས་དང་པོར་གཞིས་ཚུགས་ཡོད།

    ཁོང་གི་སློབ་ཁྲིད་ཀྱི་གྲུབ་འབྲས་རེ་རེ་བཞིན་ལ་ཕྱིར་མིག་ལྟ་སྐབས། གྲངས་གཞི་མང་པོ་ཞིག་མངོན་གསལ་དོད་པོར་སྣང་། 2020ལོར་ཉིང་ཁྲི་གྲོང་ཁྱེར་གྱི་འཐེན་རྒྱུགས་ཁྲོད་ཁོང་གིས་འཁྲིད་པའི་ལོ་རིམ་བཞི་པའི་ཨང་རྩིས་ཀྱི་ཆ་སྙོམས་སྐར་གྲངས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། 2021ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གཅིག་གྱུར་ཡིག་རྒྱུགས་ལེན་སྐབས་ལོ་རིམ་བཞི་པ་དང་དྲུག་པ་གཉིས་ཀའི་ཨང་རྩིས་སྦྱངས་འབྲས་རྫོང་ཡོངས་ཀྱི་ཨང་དང་པོར་སླེབས་པ། 2022ལོ་དང་2023ལོའི་སློབ་དུས་ལ་ལོ་རིམ་ལྔ་པའི་སྤྱིར་བཏང་འཛིན་གྲྭའི་ཨང་རྩིས་ཀྱི་སྦྱངས་འབྲས་རྫོང་ཡོངས་ཀྱི་ཨང་དང་པོ་དང་གཉིས་པར་སླེབས་པ། 2024ལོར་རྫོང་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་གཏོང་སྐབས་ལོ་རིམ་དང་པོ་དང་ལྔ་པའི་ཨང་རྩིས་སྦྱང་འབྲས་སླར་ཡང་ཨང་དང་པོར་སླེབས་པ། 2025ལོར་ཁོང་གིས་ཁྲིད་པའི་ལོ་རིམ་དྲུག་པའི་ཨང་རྩིས་ཀྱི་སྦྱངས་འབྲས་དེ་གྲོང་ཁྱེར་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ཁྲོད་ཨང་དང་པོར་སླེབས་ཡོད་པ་རེད། སློབ་ཁྲིད་ཀྱི་འཇོན་ཐང་ཆེ་བར་བརྟེན་ཁོང་སྔ་རྗེས་སུ་སྣང་རྫོང་རིག་ཚན་གྱི་སྣེ་ཁྲིད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས” “ཉིང་ཁྲི་གྲོང་ཁྱེར་གྱི་རྐང་འཛིན་དགེ་རྒན”བཅས་ལ་བདམས་པ་དང་། མཐར“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”གྱི་བྱ་དགའ་སྤྲོད་པའི་སྟེགས་བུར་འཛེགས་ཐུབ་ཡོད།

    “དགེ་རྒན་གྱི་ལས་ཀ་བདམས་ཕྱིན་སློབ་མ་ཚང་མར་བརྩེ་བ་འཆང་དགོས”ཞེས་པའི་སྐད་ཆ་དེ་ནི་མཚམས་གཅོད་སྒྲོལ་དཀར་གྱིས་རྒྱུན་དུ་ཤོད་ཀྱི་ཡོད་ལ། དེ་ནི་ཁོང་གི་བགྲང་བྱ་14ཉིན་གཅིག་ལྟར་ལས་དོན་སྒྲུབ་པའི་ཚད་གཞི་ཡང་རེད།

    སྦྱངས་འབྲས་ཞན་པའི་སློབ་མར་མཚམས་གཅོད་སྒྲོལ་དཀར་གྱིས་དེ་བས་ངང་རྒྱུད་རིང་བ་བྱེད་ཀྱི་ཡོད། ཁོང་གིས་ཕྲུ་གུ་གཅིག་ཀྱང་བློས་མི་གཏོང་བར་རྟག་ཏུ་འཛུམ་མུལ་མུལ་གྱིས་སློབ་གསོ་གཏོང་གི་ཡོད་པ་སྟེ། “རང་གིས་ཡང་བསྐྱར་ཚོད་ལྟ་ཞིག་བྱོས་དང་། རྒན་ལགས་ཀྱིས་རང་ལ་ཡིད་ཆེས་ཡོད” སློབ་ཚན་ཐོག་ཁོང་གིས་ཆེད་མངགས་དྲི་བ་སྟབས་བདེ་པོ་བཏོན་ནས་སྦྱངས་འབྲས་ཅུང་ཞན་པའི་སློབ་མར་ལན་རྒྱག་ཏུ་འཇུག་པ་དང་། ཡིད་ཆེས་དང་ལྕག་སྐུལ་གང་ཐུབ་བྱས་ནས་ཁོང་ཚོའི་གདེང་ཚོད་འཕེལ་ཐབས་བྱེད་ཀྱི་ཡོད། ཉིན་དགུང་གི་ངལ་གསོ་དང་སློབ་ཚན་གྲོལ་རྗེས་ཁོང་གིས་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་པ་མ་ཟད། ད་དུང་ཕྲུ་གུ་ཚོར་བོད་ཀྱི་ཞབས་བྲོ་བསླབས་ཏེ་དགའ་སྤྲོའི་རྣམ་པའི་ཁྲོད་ནས་ཁོང་ཚོའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱེད་ཀྱི་ཡོད།

    སློབ་གྲྭའི་ཨང་རྩིས་སློབ་དཔྱོད་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པའི་མཚམས་གཅོད་སྒྲོལ་དཀར་གྱིས་རང་ཉིད་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་སློབ་དཔྱོད་ཚོགས་ཆུང་གི་སྣེ་ཁྲིད་དེ་སློབ་ཚན་གསར་པའི་སྒྱུར་བཅོས་དང་ལེན་ཧུར་ཐག་ཞུས་ནས་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་དག་ཨང་རྩིས་སློབ་ཚན་ནང་བཅུག་སྟེ“བརྩེ་སེམས་ཀྱི་རིན་ཐང་ལྟ་བ་དང་། ཤེས་བྱ་དང་འཇོན་ཐང་། བརྒྱུད་རིམ་དང་ཐབས་ཤེས”བཅས་ཀྱི་དམིགས་ཚད་གསུམ་སློབ་མའི་བསམ་གཞིག་དང་། ཉམས་ལེན། ལག་ལེན་བཅས་ཀྱི་ཁྲོད་དུ་དོན་འཁྱོལ་བྱེད་པ་དང་། “རང་བརྟེན་དང་། མཉམ་ལས། འཚོལ་ཞིབ”བཅས་ཀྱི་སློབ་ཁྲིད་བྱེད་ཐབས་ཁྱབ་གདལ་གཏོང་བ། དགེ་རྒན་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཚན་ཉན་པ། སློབ་ཚན་དཔྱད་བསྡུར། ན་གཞོན་དགེ་རྒན་ལ་མཛུབ་ཁྲིད་ཧུར་ཐག་བཅས་བྱེད་ཀྱི་ཡོད། ཆུས་རིམ་པའི་སློབ་ཚན་གསར་པའི་སྒྱུར་བཅོས་ཚོད་ལྟ་བྱེད་པའི་འགན་ཁུར་ཏེ། རང་ཉིད་ཀྱི་སློབ་ཁྲིད་ཉམས་མྱོང་བུམ་པ་གང་བྱོའི་ཚུལ་བཞིན་ལས་རོགས་ཚོར་མཉམ་སྤྱོད་བྱེད་ཀྱི་ཡོད། ཁོང་གི་སྣེ་ཁྲིད་འོག་གྲོང་མདའ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཨང་རྩིས་སྦྱངས་འབྲས་ལོ་མང་རིང་རྫོང་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་པ་དང་། དགེ་རྒན་གྱི་རིག་ཚན་རྐྱང་པའི་སྦྱངས་འབྲས་ཐོག་མཐའ་བར་གསུམ་དུ་རྫོང་ཡོངས་ཀྱི་མདུན་གྱི་ཨང་རིམ་གསུམ་པ་ཡན་རྒྱུན་འཁྱོངས་ཐུབ་ཡོད།

    “སློབ་མར་ཆུ་ཕོར་པ་གང་སྟེར་དགོས་ན། རང་ཉིད་ལ་ཆུ་ཟོམ་གང་དང་ཐ་ན་དེ་བས་མང་བ་ཞིག་དགོས”ཅེས་མཚམས་གཅོད་སྒྲོལ་དཀར་གྱིས་ནམ་ཞག་རྒྱུན་དུ་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་རྒྱུན་བསྐྱངས་ཏེ་ད་བར་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་མཚམས་གཏན་ནས་འཇོག་མྱོང་མེད། སློབ་ཆེན་འགྲིམ་སྐབས་ཁོ་མོས་སློབ་སྦྱོང་གི་ཞོར་དུ་ཞོར་ལས་བྱས་ནས་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ཏེ་སློབ་མཐར་ཕྱིན་ཡོད། སློབ་ཁྲིད་ཀྱི་ལས་ལ་ཞུགས་རྗེས་ཁོང་གིས་སློབ་སྦྱོང་གི་གོ་སྐབས་ཚང་མར་གཅེས་སྤྲས་བྱས་ཏེ་སྔ་རྗེས་སུ་ཁྲེང་ཏུའུ་དང་ཧུའེ་ཀྲོའུ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་ཏེ་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཤིང་། གསོ་སྦྱོང་ནས་སླེབས་རིམ་བཞིན་ཁོང་གིས་སྦྱངས་པའི་ཤེས་བྱ་རྣམས་ལས་རོགས་ཚོར་མཉམ་སྤྱོད་བྱེད་ཀྱི་ཡོད།

    ད་ཆ་མཚམས་གཅོད་སྒྲོལ་དཀར་གྱིས་སྔར་བཞིན་ཉིན་ལྟར་ཞོགས་པ་སྔ་པོ་ནས་སློབ་གྲྭར་ཡོང་སྟེ་སློབ་ཕྲུག་ཚོར་ཞོགས་སྦྱོང་བྱེད་རོགས་དང་། སློབ་ཁྲིད་ཚོགས་ཆུང་གི་དགེ་རྒན་དང་གྲོས་བསྡུར། ཕྲུ་གུ་ཚོ་དང་སྙིང་གཏམ་ཤོད་རེས་བྱེད་ཀྱི་ཡོད། ཁོང་གི་སེམས་ནང་སློབ་གསོ་ནི་སྟབས་བདེའི་ལས་ཀ་ཞིག་མིན་པར་དེ་ནི་མཛེས་སྡུག་དང་ཕུགས་བསམ་མངོན་འགྱུར་གྱི་ཕྱོགས་སུ་སྐྱོད་པའི་བརྒྱུད་རིམ་ཞིག་རེད། ཁོང་གིས་གཅེས་སེམས་དང་། ཡིད་ཆེས། ཞིབ་ཚགས། ངང་རྒྱུད་རིང་པོ་བཅས་ཀྱི་ས་བོན་ཕྲུ་གུ་ཚང་མའི་རེ་བའི་ཞིང་སར་འདེབས་གང་ཐུབ་བྱས་ཏེ་བརྟན་སྲུང་དང་དགའ་ཞེན་ལ་བརྟེན་ནས་གངས་ལྗོངས་ས་མཐོར་ཕྲུ་གུ་ཚོའི་སློབ་གཉེར་ཕུགས་འདུན་སྲུང་བཞིན་ཡོད་ལ། མཐའ་མཚམས་དགེ་རྒན་གྱི་མི་སེམས་འགུལ་བའི་མི་ཚེའི་ལེའུ་ཞིག་ཀྱང་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།