དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱར་གྱི་མཛེས་ལྗོངས་ཨེ་མ་མཚར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདྲུ་བཀྲ་ཤིས་རྒྱལ།   |     སྤེལ་དུས།  2025-09-21

    སྤྲིན་དཀར་མཁའ་ལ་དལ་གྱིས་རྒྱུ་བ་ན། །

    ཕུན་ཚོགས་རྫོགས་ལྡན་དུས་ཀྱི་དཔལ་ནི་མཚར། །

    ཀུན་གསལ་སྤྲིན་པའི་རྒྱན་གྱིས་སྤུད་པ་འདིས། །

    སྣ་བརྒྱའི་མེ་ཏོག་འཛུམ་པའི་མདངས་ནི་ལྷོད། །


    གཙང་ཆུ་རྒྱས་པའི་རླབས་ལ་ཆུ་བྱ་རྩེན། །

    རླབས་ཀྱི་གར་ཡང་ཆུ་བྱའི་དབྱངས་དང་བསྟུན། །

    ཆུ་ཡི་ཟེགས་མ་གཤོག་རླབས་ཀློང་དུ་ཟིམ། །

    སིམ་པའི་བདེ་བས་དུང་ཟླའི་བསིལ་བ་བསྙིལ། །


    ཀློང་ཡངས་མཁའ་རུ་ཆུ་འཛིན་མངོན་པར་རྒྱུ། །

    དོག་མོའི་ས་གཞིར་སྨུག་སྤྲིན་ལང་ལོང་གཡོ། །

    སྤང་ལྗོངས་གཡུ་ཡི་མཎྜལ་བཀོད་པའི་དབུས། །

    སེམས་ཀྱི་གཞིས་ཁྱིམ་སུམ་རྩེན་གྲོང་ལས་རྨད། །


    སྤྲིན་པའི་བཅུད་ཀྱིས་རི་ཀླུང་གཙང་ཞིང་གཙང་། །

    འཇའ་ཚོན་སྣ་ལྔས་གནམ་ས་མཛེས་ཤིང་མཛེས། །

    རང་བྱུང་ཁམས་ཀྱི་ཟས་རིགས་སྣ་མང་ལ། །

    འཚོ་བཅུད་བཟང་ཞིང་རོ་བརྒྱའི་བྲོ་བ་མངའ། །


    འདབ་ཆགས་དགའ་བའི་དབྱངས་རྟ་སྣ་ཚོགས་འཐེན། །

    ཕྱུགས་རིགས་སྐྱིད་པས་གནམ་མཆོང་ས་རྒྱུག་བྱེད། །

    གཞན་ཡང་རྐང་གཉིས་རྣམས་ཀྱི་སྣང་བའི་གཞིར། །

    དབྱར་གྱི་ཕུན་ཚོགས་བརྗོད་པའི་ཡུལ་ལས་འདས། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།