དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁྱོད་ནི་ང་ཡི་སྤོབས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྐལ་བཟང་ཚེ་རིང་།   |     སྤེལ་དུས།  2025-09-21

    བརྒྱད་གཉིས་ལང་ཚོའི་མཛེས་སྡུག་ཁྱོད་ལ་མངའ་ཞིང་། །

    གཤིས་བཟང་ཞི་བའི་ཉམས་ཀྱི་ཡིད་འོང་ལྷ་མོ། །

    མཛེས་མའི་སྒེག་པའི་ཉམས་ཀུན་ཁྱོད་ལ་མངའ་བས། །

    འདོད་ལྡན་ཡིད་ཀྱི་དྲན་ཤིང་ཁྱོད་ལས་མ་རྙེད། །


    སྙིང་ནས་བརྩེ་བའི་གྲོགས་དང་ཡིད་ཀྱི་བརྟེན་ས། །

    ན་གཞོན་ཕོ་མོའི་སེམས་ཀྱི་དུང་བྲིས་རི་མོ། །

    རང་དགར་རླུང་ལ་སྤུར་བའི་འདུན་པ་མེད་པས། །

    ཕོ་སྐྱེས་རྒོད་པོའི་སེམས་པའི་ཕྱེད་ཀ་ལོས་ཡིན། །


    ཕར་ལ་མཛའ་བའི་ཡིད་ཀྱི་མེ་ཏོག་ཕུལ་བར། །

    ཚུར་ལ་བརྩེ་བའི་ཕྱག་ཟུང་དལ་གྱིས་བསྲིངས་ཤིང་། །

    གཅིག་སེམས་གཅིག་ལ་གཏད་མཁན་ཀུན་བཟང་ལྷ་མོ། །

    བུ་ལ་ལས་ཀྱིས་བསྩལ་བའི་ཚེ་གྲོགས་ཡིན་འདུག །


    མཛེས་མའི་ཡོན་ཏན་ཀུན་འཛོམས་བརྒྱ་སྟོང་འཚོགས་ཀྱང་། །

    ཡིད་འཕྲོག་ལྷ་མོ་ཁྱོད་ལས་གཞན་ཞིག་མ་རྙེད། །

    མཛངས་མའི་ཡོན་ཏན་གང་ཡོད་སུ་ལ་འཛོམས་ཀྱང་། །

    ཡིད་སེམས་འཁྲེང་སའི་ན་ཆུང་ཁྱོད་ལས་མ་རྙེད། །


    མི་ཚེ་གཏན་གྱི་རི་མོ་གང་བྱུང་མ་བྲིས། །

    རང་གི་མདུན་ལམ་དཀར་པོར་ནག་ནོག་མ་བྲིས། །

    ལན་གཅིག་འཕྲད་པའི་སྐལ་བ་ཐོབ་རྒྱུ་བྱུང་ན། །

    དགའ་བ་འབུམ་གྱིས་མྱོས་པར་ཐེ་ཚོམ་མི་འདུག །


    གནམ་གྱི་ཕྱེད་དང་ས་ཡི་གསུམ་ཆ་ཐོབ་ཀྱང་། །

    འདོད་པས་མ་ཚིམ་ཧམ་པས་ཟད་ཀྱང་རུང་མོད། །

    སྙིང་ནས་བརྩེ་བའི་དགའ་མ་ཁྱོད་ཉིད་ཁོ་ན། །

    ང་ཡི་སྤོབས་པ་ཡིན་པ་སུ་ཡིས་ཤེས་ཨང་། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།