མཚོ་སྔོན་ནས་ཆིན་རྒྱལ་རབས་དུས་ཀྱི་རྡོ་བརྐོས་འབའ་ཞིག་རྙེད་པ།
འདི་ནི་ཧོའུ་ཀོང་ལེང་ཚོགས་པས་ས་གནས་ས་ཐོག་ཏུ་ཞིབ་འཇུག་བྱས་ནས་དབྱེ་འབྱེད་ངོས་འཛིན་བྱེད་བཞིན་པ།
འདི་ནི་རྡོ་བརྐོས་ཀྱི་རྣམ་པ་ཡིན་པ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་གྲོ་རེངས་གྲོང་ཚོའི་མཚོ་སྐྱ་རེངས་བྱང་ངོགས་ཀྱི་སྒར་ཐང་རི་ཞིང་གི་གཟར་འབུར་གཉིས་པའི་གཡོན་འདབས་ཀྱི་རྡོ་བརྐོས་ཤིག་ལ་ཀུན་གྱི་དོ་ཁུར་རྒྱ་ཁྱབ་ཐོབ་པ་རེད། ཟླ་9ཚེས་15ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྨ་སྟོད་རྫོང་གི་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
རྒྱལ་ཁབ་རིག་དངོས་ཅུས་རིག་དངོས་གནའ་ཤུལ་སིའི(འཛམ་གླིང་རིག་གནས་ཤུལ་བཞག་སི)སི་ཀྲང་ཏེང་ཁྲའོ་ཡིས། སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ནི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། རྡོ་བརྐོས་དང་མཚོ་སྐྱ་རེངས་གཉིས་རིག་གནས་མཛེས་ལྗོངས་སུ་གྱུར་པ་དང་། ཉར་ཚགས་ཅུང་ཡག་པོ་བྱུང་ནས་ཡི་གེ་ཕལ་ཆེ་བ་གསལ་ཞིང་ངོ་ཆོད་ཐུབ། རྡོ་བརྐོས་ཐོག་གི་ལོ་ཟླ་ཚེས་གྲངས་ཆ་ཚང་བ་མ་ཟད། དེའི་སྐོར་ལོ་རྒྱུས་དེབ་ཐེར་ཐོག་བཀོད་མེད་པས། དེ་ནི་རང་རྒྱལ་དུ་མིག་སྔར་རྙེད་པའི་ཆིན་རྒྱལ་རབས་དུས་ཀྱི་རྡོ་བརྐོས་འབའ་ཞིག་དེ་ཡིན་པ་དང་། རྨ་ཆུའི་མགོ་ཁུངས་སུ་གནས་ཤིང་ལོ་རྒྱུས་ཀྱི་སྟོང་ཆ་གསབ་ཡོད་པས་དོན་སྙིང་གལ་ཆེན་ལྡན་ལ། ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གལ་ཆེན་ཡང་ལྡན་ཡོད་ཞེས་བརྗོད།
མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཅིན་ཤན་གྱིས། ས་ཡུལ་དངོས་ནས་གནའ་རྫས་བརྟག་དཔྱད་བྱས་འབྲས་ལྟར་ན། རང་བྱུང་ས་དབྱིབས་དང་། གནམ་གཤིས་ཁོར་ཡུག་གི་ཆ་རྐྱེན། ས་ཁོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་བཅས་ཀྱི་ངོས་ནས་བལྟས་ཚེ། མཚོ་སྐྱ་རེངས་ས་ཁུལ་ལ་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཐོན་པའི་ཆ་རྐྱེན་འཛོམས་ཡོད་ཅེས་བརྗོད་པ་རེད།
རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྡོ་བརྐོས་བརྟག་དཔྱད་ཞིབ་འཇུག་དང་དེ་སྔའི་གནས་ཡུལ་ལ་སྲུང་སྐྱོང་བྱེད་ཐབས་བཀོད་སྒྲིག་ཡག་པོ་བྱས་ནས་མཐའ་འཁོར་གྱི་འགྲིམ་འགྲུལ་ལམ་ཐིག་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། ད་དུང་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་གྲོན་དངུལ་ནས་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལ་གྲོན་དངུལ་སྒོར་ཁྲི་98.85བཏང་ནས། རྨ་སྟོད་རྫོང་གིས་སྲུང་སྐྱོང་ལྕགས་ར་སྐོར་བ་དང་། གནས་སྐབས་ལྟ་སྲུང་ཁང་སྐྲུན་པ། འཐབ་ས་དང་པོར་ཆུ་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་དང་། མགོ་ལོག་ཀྲོའུ། རྨ་སྟོད་རྫོང་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྨ་སྟོད་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་བདེ་དང་། རིག་གནས་ཡུལ་སྐོར། རིག་དངོས་བཅས་ཀྱི་ལས་བྱེད་ལས་བཟོར་མཐུན་སྦྱོར་བྱས་ཏེ་ཟླ་6ཚེས་9ཉིན་ནས་བཟུང་ཆུ་ཚོད་24རིང་ས་གནས་ས་ཐོག་ཏུ་ལས་རེས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་གནས་སྐབས་རང་བཞིན་གྱི་སྲུང་སྐྱོང་སྒྲིག་བཀོད་བསྐྲུན་པ་དང་ས་ཡུལ་དངོས་ཀྱི་བརྟག་དཔྱད་ཐེངས་གཉིས་ལ་བརྒྱུད་རིམ་ཧྲིལ་པོའི་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།