དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • བྱང་རྩྭ་ཐང་གི་བསླས་འཐག་ལག་རྩལ་གྱི་རྒྱུན་འཛིན་པ།

    ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་དབང་ཆེན་དཔལ་འབྱོར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-19

    འདི་ནི་དབང་ཆེན་དཔལ་འབྱོར་གྱི་སློབ་མ་ཚོས་བཟོས་པའི་བསླས་འཐག་ཐོན་རྫས་ཡིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་དབང་ཆེན་དཔལ་འབྱོར་ཡིན་པ།

    འདི་ནི་དབང་ཆེན་དཔལ་འབྱོར་མཚོ་སྔོན་ཞིང་ཆེན་དགུ་གནས་རི་གཟར་མོ་ཚོང་དོན་སྤྱི་གཉེར་ཁང་གི་ལས་བཟོ་བའི་རིག་གནས་རྒྱུན་འཛིན་དུས་ཐེངས་དང་པོའི་ལྷ་སའི་ཟབ་སྦྱོང་འཛིན་གྲྭར་སློབ་ཁྲིད་གནང་བར་ཕེབས་པ།

    འདི་ནི་སློབ་མ་དཀོན་མཆོག་གཡུ་སྒྲོན་གྱིས་པང་གདན་འཐག་བཞིན་པ།

    གསར་འགོད་པ། ཉི་མ་ཆོས་གྲུབ། བསོད་ནམས་སྟོབས་ལཌ། སྤེན་པ། དཀོན་མཆོག་སྒྲོལ་མ། བསོད་ནམས་དཔའ་མོ།

    རྟ་རྒྱུག་ཐང་གི་ཉེ་འདབས་སུ་གུར་དཀར་པོ་བརྗོད་ཀྱིས་མི་ལང་བ་སྐར་ཚོགས་ས་ལ་འཕོས་པ་བཞིན་ཕུབ་ཡོད་པ་དང་། ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྗས་འགྲེམ་ཚོང་ཁུལ་དུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད། གུར་ཆེན་པོ་ཞིག་གི་ནང་དུ་སྤུས་ཀ་ལེགས་པའི་བསླས་འཐག་ཐོན་རྫས་སྣ་ཚོགས་བཤམས་འདུག་པར་གསར་འགོད་པའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བྱུང་། དེ་གར་ནག་ཆུ་གྲོང་ཁྱེར་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱི་སྐབས་དང་པོའི་མཐོ་སྒང་བཟོ་བོའི་འོད་སྣང་གི་འགྲེམས་སྟོན་དང་བྱང་ཐང་བཟོ་རིག་བུམ་པའི་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བཞིན་འདུག

    ཁྲོམ་སྟེགས་སུ་ཀོ་ཆས་དང་བསླས་འཐག་ཐོན་རྫས་སོགས་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་བའི་མཁོ་ཆས་སྣ་མིན་སྣ་ཚོགས་བཤམས་ཡོད་པའི་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་འགྲེམ་ཚོང་ཁུལ་དུ་ཅ་དངོས་ཉོ་མཁན་རྒྱུན་ཆད་རྒྱུ་མི་འདུག ན་གཞོན་དགེ་རྒན་དབང་ཆེན་དཔལ་འབྱོར་གྱིས་སློབ་མ་བཅུ་གྲངས་ལ་སྐ་རགས་དང་སྒ་གདན། སྦུབ་ཆལ་གྱི་ལུང་ཐག་སོགས་བསླ་རུ་བཅུག་ཡོད་ཅིང་། ཞར་ཞོར་དུ་བརྐོས་དཀྲོལ་དང་འཚེམ་བུ་རྒྱག་སྟངས། བསླས་འཐག་ལག་རྩལ་སྐོར་བུམ་པ་གང་བྱོའི་ཚུལ་དུ་ནན་ཏན་གྱིས་དམར་ཁྲིད་བྱེད་བཞིན་འདུག

    ང་ཚོ་སྒོ་ཁར་ལངས་པ་མཐོང་མ་ཐག ཁོང་གིས་ལག་ལས་ཅམ་བཞག་སྟེ་བསུ་བར་ཕེབས་པ་དང་། ང་ཚོའི་ཡོང་དོན་རྟོགས་རྗེས་སེམས་རྩ་འཁོལ་པོས་བཅར་འདྲི་དང་ལེན་གནང་བྱུང་། ད་ལོ་ལོ34ལ་སླེབས་པའི་དབང་ཆེན་དཔལ་འབྱོར་ནི་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཡིན་པ་མ་ཟད་རྫོང་རིམ་པའི་བསླས་འཐག་ལག་རྩལ་གྱི་རྒྱུན་འཛིན་པ་ཞིག་ཀྱང་རེད། འབྲོག་ཁྱིམ་ཕལ་པའི་འབྲོག་མོ་ཞིག་ནས་བསླས་འཐག་ལག་རྩལ་གྱི་རྒྱུན་འཛིན་པར་འགྱུར་བའི་དཀའ་ཚེགས་ཆེ་བའི་མི་ཚེའི་ལམ་བུ་ནི་སྐྱེ་བོ་རང་ག་བས་བགྲོད་ཆོག་ཆོག་གི་ལམ་ཞིག་ག་ལ་ཡིན། ཁོང་གིས་ཅུང་ཟད་འཚེར་སྣང་དང་བཅས་འཛུམ་དམུལ་བཞིན་དུ་ཆུང་དུས་ནས་བསླས་འཐག་ལག་རྩལ་ལ་སྦྱངས་པ་ཇི་ལྟར་བྱས་ཚུལ་དང་མཐར་རྒྱུན་འཛིན་པར་འགྱུར་ལུགས་སྐོར་ལྷུག་པོར་གླེང་བྱུང་།

    ཁོང་གི་རྨོ་བོ་དང་ཨ་མ་ཡང་བསླས་འཐག་ལག་རྩལ་ལ་དགའ་ཞིང་དུང་བ་དང་དེའི་ཐད་ཀྱི་ལག་རྩལ་ལ་མཁས་ཤིང་བྱང་ཆུབ་པས་འཐག་ལས་སྣ་ཚོགས་ཤེས་པ་མ་ཟད། ཁོང་གིས་ཀྱང་མི་རབས་གོང་མ་ཚོའི་རྣམ་དཔྱོད་དང་བློ་གྲོས་ལ་མོས་གུས་ཚད་མེད་བྱེད་ལ། དེ་འདྲའི་ཁོར་ཡུག་ཁྲོད་དུ་འཚར་ལོངས་བྱུང་བ་ཡིན་པས་དེ་བས་འཐག་ལས་ལ་དགའ་ཞེན་དང་སྦྱོང་འདོད་ཀྱི་འདུན་པ་ནི་སྐོམ་པ་ཆུ་འདོད་ལྟར་དུ་ཆེ། ལོ་ན་བརྒྱད་དགུ་ཙམ་ནས་བཟུང་ཨ་མྱེས་ཀྱི་ས་ནས་འུར་རྡོ་དང་སྐ་རགས་བསླ་སྟངས་སོགས་སྦྱངས་པ་དང་། གྲོང་ཚོའི་ནང་གི་རྒན་འཁོགས་ཚོར་ལད་མོ་བྱས་ནས་ཁོམ་པ་ཡོད་ཚད་ལ་བསླས་འཐག་ལག་རྩལ་སྦྱངས་ཏེ་ཁོང་དུ་ཆུད་ཐབས་བྱས་པ་རེད། ལྷག་པར་དུ་ལོ་བཅོ་ལྔ་ནས་བཟུང་རང་ཉིད་ཀྱི་རྨོ་བོ་དང་ཨ་མ་དགེ་རྒན་དུ་བསྟེན་ནས་དངོས་སུ་བསླས་འཐག་ལས་ལ་གཞོལ་མགོ་བརྩམས་པ་དང་། དེ་ནས་གོམ་པ་རིམ་བགྲོད་ཀྱིས་བསླས་འཐག་གི་སྟེང་དུ་ཤྭ་བ་དང་དགོ་བ་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་རི་མོ་རྒྱག་སྟངས་སྦྱངས་པས་གསོན་ཉམས་དོད་པོ་བྱུང་ཁར། དེང་དུས་དར་སོ་ཆེ་བའི་མཚོན་རིས་སྤྱད་པས་ཐོན་རྫས་གསར་སྤེལ་ལ་བློ་སྐྱེད་གསར་པ་རྙེད་སོང་ཞེས་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།

    དབང་ཆེན་དཔལ་འབྱོར་ནི་དཀའ་ངལ་དང་ཕམ་ཉེས་ཀྱི་མདུན་དུ་མགོ་བོ་སྒུར་ནས་སྡོད་མཁན་ཞིག་མིན་པས། རང་གི་རིག་གནས་ཀྱི་ཤེས་ཚད་དམའ་བ་ཤེས་ཏེ་དཀའ་ངལ་དུ་མ་ཁྱད་དུ་སད་དེ་རྒྱ་ཡིག་དང་བོད་ཡིག་སྦྱངས། རྗེས་སུ་ཁོང་ནས་འཕོ་འགྱུར་ཆེ་བའི་སྤྱི་ཚོགས་འཚོ་བའི་ཁྲོད། རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་བསླས་འཐག་ལག་རྩལ་རྒྱུན་འཛིན་མ་བྱས་ཚེ་ལག་ཤེས་དེ་བརླག་ཉེན་ཆེ་བར་མཐོང་ནས། ལོ་མང་རིང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་སྟོང་ལ་ཉེ་བའི་བསླག་འཐག་ལག་རྩལ་གང་ལ་གང་འཚམ་ཉམས་པ་སླར་གསོ་ཐུབ་པ་མ་ཟད། མིང་གྲགས་ཀྱང་ཇེ་ཆེར་སོང་བ་དང་བསྟུན་ནས་གསེར་ས་འོག་ཏུ་སོང་ཡང་འོད་ནམ་མཁའ་ཡི་དཔེ་བཞིན། མཐར་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་དགེ་རྒན་དུ་གདན་དྲངས་པ་རེད། དེས་གཅིག་ནས་ལག་རྩལ་དེ་ཉིད་སློབ་མ་དེ་བས་མང་བར་སློབ་པའི་ཕུགས་འདུན་མངོན་དུ་འགྱུར་བ་དང་། གཉིས་ནས་ལག་རྩལ་དེ་ཉིད་མི་ཉམས་གོང་འཕེལ་གཏོང་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་པ་རེད།

    དབང་ཆེན་དཔལ་འབྱོར་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་སའང་ཁོང་གི་སློབ་མ་དེ་དག་ལས་མ་འདས་ཤིང་། སྙིང་ཉེ་བའི་སློབ་མ་དེ་དག་མཐོང་དུས་ཁོ་ཚོ་སྙིང་རྗེ་ཞེས་བློས་མི་མཐོང་བ་ལྟ་བུ་བྱེད་པ་དང་། ད་ལྟ་ཁོང་གིས་འགན་འཁུར་སློབ་ཁྲིད་གནང་བཞིན་པའི་སློབ་མ་སུམ་ཅུ་རྩ་གྲངས་ཀྱི་ཁྲོད་ནས། དཀོན་མཆོག་གཡུ་སྒྲོན་ནི་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མ་ཞིག་ཡིན་ཞིང་། ཁོ་མོ་ད་ཐེངས་ཀྱི་བྱང་ཐང་གི་བཟོ་རིག་པའི་རྩལ་ནུས་འགྲན་བསྡུར་ཁྲོད་འགྲན་ཞུགས་པ་ཀུན་ལས་རྣམ་པར་རྒྱལ་ཏེ་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད། དཀོན་མཆོག་གཡུ་སྒྲོན་གྱི་སློབ་སྦྱོང་གི་སྙིང་རུས་དང་སྡུག་རུས་ལ་དགེ་རྒན་དབང་ཆེན་དཔལ་འབྱོར་ཡང་ཧ་ལས་པར་གྱུར། ལས་རིགས་སློབ་གྲྭ་འགྲིམ་བཞིན་པའི་དེང་དུས་གཞོན་ནུའི་ཁྲོད་དུ། དེ་འདྲའི་སྡུག་རུས་དང་སྙིང་རུས་ཡོད་མཁན་ནི་ཉིན་མོའི་སྐར་མའི་ཚུལ་དུ་གྱུར་བས། དགེ་རྒན་ཁོང་ནས“ད་བར་ངས་སློབ་ཕྲུག་བཞི་བཅུ་ལྔ་བཅུ་ཙམ་ཞིག་བསྐྱངས་པ་ལས་དཀོན་མཆོག་གཡུ་སྒྲོན་ནི་སྤྱང་ཤོས་དང་སྙིང་རུས་ཆེ་ཤོས་སུ་འདུག”ཅེས་དཀོན་མཆོག་གཡུ་སྒྲོན་ལ་བསྔགས་བརྗོད་ཡང་ཡང་བྱེད་པ་དང་དུས་མཚུངས་རང་གི་ལག་རྩལ་སློབ་མ་ཚོར་བུམ་པ་གང་བྱོའི་ཚུལ་དུ་སློབ་གནང་གི་ཡོད་པས། རྒན་ལགས་ཀྱི་ས་ནས་ལག་རྩལ་སྦྱངས་ནས་དུས་ཡུན་རིང་པོ་མ་སོང་ཡང་། བསླས་འཐག་གི་ལག་རྩལ་ཐད་ཡར་རྒྱས་ཆེན་པོ་བྱུང་ནས་ལག་རྩལ་དེ་ཉིད་ཤུལ་འཛིན་ཐུབ་མཁན་གྱི་རྐང་འཛིན་མི་སྣར་གྱུར་ཡོད་པ་རེད། སློབ་མ་གཞན་དག་ལའང་དེ་འདྲ་བའི་སྐུལ་ལྕག་ཡོང་བ་དང་ཁོ་ཚོའི་ཧུར་བརྩོན་འཕེལ་བར་བྱ་ཆེད་གནད་ལ་འཕིགས་པའི་བཀའ་མོལ་དུམ་བུ་རེ་སྐབས་ཐོག་ཏུ་གསུང་གི་ཡོད་པ་དཔེར་ན། “རང་ལ་ལག་ཤེས་ཤིག་ཡོད་ན་རྗེས་སུ་མི་ཚེ་སྐྱེལ་བདེ་བ་ཡོང་གི་རེད། གལ་ཏེ་ང་ཚོས་གནས་སྐབས་སམ་མིག་མདུན་གྱི་བདེ་བར་སེམས་ཆགས་ཏེ་གོ་མེད་ཚོར་མེད་དུ་བསྡད་པ་ཡིན་ན། ང་ཚོས་ཅ་དངོས་འཚོང་ཤེས་པ་ཙམ་ལས་ལག་རྩལ་གཞན་པ་ཅི་ཡང་ཤེས་རྒྱུ་མ་རེད། དེས་ན་ལག་རྩལ་སྣ་གཅིག་གིས་མང་བ་ཤེས་ན་འཚོ་བའི་ལམ་བུ་གསར་པ་ཞིག་རྙེད་པ་ལྟར་མི་ཚེ་སྐྱེལ་བདེ་བ་དང་གཞན་ལའང་ཕན་པ་མང་བ་སྒྲུབ་ཐུབ་རྒྱུ་མ་ཡིན་ནམ”ཞེས་གསུངས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འབད་འབུངས་བྱེད་པ་དང་། ཕྱིས་འབྱུང་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱེད་པར་ངང་རྒྱུད་རིང་པོས་ཕ་མ་ལྟ་བུའི་བྱམས་བརྩེའི་སློབ་གསོ་རྒྱག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།