དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ཡིག་སྒྱུར་བའི་བསམ་བློའི་ཀུན་སློང་སྐོར་ལ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་བཀྲ་ཤིས་ཚེ་དབང་།   |     སྤེལ་དུས།  2025-09-16

    ཡིག་སྒྱུར་ནི་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ལྟ་བུ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་རང་གི་བློ་གྲོས་ལ་བརྟེན་ནས་ས་གནས་དང་ཁོར་ཡུག་མི་འདྲ་བའི་ཁྲོད། འཚོ་གནས་ཀྱི་རིན་ཐང་དང་བསམ་བློའི་འདུ་ཤེས་ལྡན་པའི་རིག་གནས་མང་པོ་གསར་སྐྲུན་དང་རྒྱུན་འཛིན་བྱས་ཡོད། དེ་དག་གིས་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་ནུས་པ་གང་ལེགས་བཏོན་ཡོད། ཆ་འཕྲིན་གོ་ལ་ཅན་གྱི་དུས་འདིར་འཛམ་གླིང་ཧྲིལ་པོ་ཁྱིམ་ཚང་གཅིག་འདྲ་དང་། རིག་གནས་མི་འདྲ་བའི་དབར་འབྲེལ་འདྲིས་ཇེ་མང་དུ་འགྲོ་བས། མིའི་རིགས་ཀྱི་འབྱུང་འགྱུར་དང་འཕེལ་རྒྱས། ཞི་བདེ་དང་འཆམ་མཐུན་ལ་སྨན་པའི་རིག་གནས་རྣམས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་དགོས། ལས་འགན་དེའི་ཁྲོད་ལོ་ཙཱ་བའི་ནུས་པ་དང་སྤྱོད་གོ་ནི་འགྲན་དུ་མེད་པ་ཞིག་རེད། རིག་གནས་དར་སྤེལ་གཏོང་བའི་བྱེད་སྒོའི་ནང་ཡིག་སྒྱུར་བས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་མ་ཡིག་འདེམས་པ་དང་། མ་ཡིག་གི་བསྟན་དོན་ཇི་བཞིན་གསལ་རྟོགས་དང་། བུ་ཡིག་གི་ལམ་དུ་ཇི་བཞིན་ཕབ་སྒྱུར་བྱས་ཏེ། མིའི་རིགས་ཀྱི་རིག་གནས་ཀྱི་དགོས་མཁོ་དང་འབྱུང་འགྱུར་བཏོད་དང་གཏོད་མུས་རེད། ལོ་ཙཱའི་ལས་ནི་དཀའ་ངལ་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། ལོ་ཙཱ་བར་བསམ་བློ་ཀུན་སྤྱོད་དང་ཀུན་སློང་ཡང་དག་པོ་ཞིག་དགོས། 

    དང་པོ། མ་ཡིག་གཙོ་བོར་བཟུང་ནས་བུ་ཡིག་ཏུ་ཡང་དག་པོ་སྒྱུར་དགོས།

    བསྒྱུར་བྱའི་མ་ཡིག་ལ་སྣང་ཆུང་མི་བྱེད་པར། རང་ཉིད་ཀྱིས་མིའི་རིགས་ལ་ཤེས་བྱ་ངོ་སྤྲོད་བྱེད་པའི་རྒྱན་དུ་བརྩིས་ནས་མ་ཡིག་གི་བརྗོད་བྱའི་གོ་དོན་སོགས་ལ་རྒྱུས་ལོན་ཞིབ་ཚགས་བྱེད་དགོས། དེའང་མ་ཡིག་གི་རིན་ཐང་སོགས་བུ་ཡིག་ཏུ་ཇི་བཞིན་ཕབ་སྒྱུར་མ་བྱུང་བར། བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་ཐད་ལ་ལྷག་པ་དང་ཆད་པའི་སྐྱོན་བྱུང་ཞིང་། རྩོམ་པ་པོའི་མཚོན་དོན་ཇི་བཞིན་གནས་ལ་མ་སོང་བས། གོ་བ་ལོག་པ་དང་རྩོམ་གྱི་ཉམས་དང་རིན་ཐང་ཤོར་བ། ཚིག་གོང་འོག་དང་ཚིགས་བཅད་ཀྱི་སྦྱོར་བ་མི་ལེགས་པ། བརྗོད་པ་མི་བདེ་ཞིང་། ཚིག་རོ་མང་བ་སོགས་ཀྱིས་འགྱུར་མའི་སྤུས་ཚད་ཐད་དཔྱད་ལོན་དཀའ་བའི་གནས་མང་བའི་ཕྱིར་ན། སྦྱང་བྱའི་གནས་མང་ལ་སྦྱངས་པ་མཐར་སོན་དཀའ་ཞིང་། མ་ཡིག་བརྗོད་གཞུང་ཁྱབ་རྒྱ་ཆེ་བས། རྒྱུན་དུ་ལྟ་ཀློག་དང་འབྲེལ་ཡོད་རིག་ཚན་ལ་སྦྱངས་ཏེ། ཐོག་མར་མ་ཡིག་ལ་གལ་ཆུང་དུ་མི་བཟུང་བར། རྒྱན་དུ་འཛིན་པའི་བློ་ཞིག་དགོས། དེའང་བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “ སྒྱུར་ཐབས་ཀྱི་ཚད་གཞི་བསྟན་པ། ཡིག་སྒྱུར་གྱི་ཚད་གཞི་ནི་འགྱུར་སྤུས་བཟང་ངན་འཇལ་བྱེད་ཀྱི་རྒྱ་མ་ལྟ་བུ་ཞིག་ཡིན་པས་འགྱུར་གང་ཞིག་ལ་ལེགས་ཉེས་ཀྱི་དཔྱད་བརྗོད་བྱེད་ནའང་ཚད་གཞི་དེར་གཞི་འཛིན་དགོས་པ་ལས་དཔྱད་བརྗོད་མཁན་རང་གི་སྣང་བ་བཟང་ངན་ལ་གཞིགས་ནས་འོལ་ཚོད་ཀྱི་དཔྱད་བརྗོད་བྱ་མི་ཉན། བསྒྱུར་གཞུང་དེ་ཉིད་ལས་བསྟན་པའི་ཚད་གཞི་ལ“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་ཡིག་སྒྱུར་གྱི་ཚད་གཞི་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་ཡོད)དོན་དང་མི་འགལ་བ། སྐབས་འདིར་བསྟན་གྱི་དོན་དང་མི་འགལ་བ་ཞེས་པ་ནི་དམ་པའི་ཆོས་ཀྱི་གཞུང་དོན་དང་མི་འགལ་བར་བསྟན་པ་ཡིན་ལ། དོན་དུ་འགྱུར་གང་ཞིག་ཡིན་རུང་ཐོག་མར་མ་ཡིག་ལ་ཇི་བཞིན་བསྟུན་དགོས་པའི“忠实原文 ”ཞེས་པའི་ཡིག་སྒྱུར་གྱི་སྤྱིའི་ཚད་གཞི་དེ་གཏན་ལ་ཕབ་པའོ། དེའང་སྔོན་བྱོན་ལོ་པཎ་ཚོས་ཆོས་གཞུང་མང་པོ་བསྒྱུར་ནའང་སྐབས་དེའི་ལོ་ཙཱ་བ་རྣམས་ལ་ཐུན་མོང་དུ་བརྩི་འཇོག་བྱེད་དགོས་པའི་ཡིག་སྒྱུར་གྱི་ཚད་གཞི་ཞིག་མེད་སྟབས་བསྒྱུར་བའི་ཆོས་རྣམས་ལས་གཞུང་དང་མི་མཐུན་པ་དང་། བྱཱ་ཀ་ར་ཎའི་ལུགས་དང་འགལ་བའི་འགྱུར་ཡིག་སྐྱོན་ཅན་མང་པོ་ཞིག་བྱུང་བར་བརྟེན། ཕྱི་འགྱུར་རྣམས་ཀྱི་འགྱུར་སྐྱོན་སྤོང་ཕྱིར་ཆོས་བསྒྱུར་བ་ལ་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་སློབ་དཔོན་ཀླུ་སྒྲུབ་དང་། དབྱིག་གཉེན་ལ་སོགས་པས་ཇི་སྐད་དུ་གསུངས་པ་དང་ཁྱད་པར་བསྒྱུར་བྱའི་གཞུང་ལས་ཇི་ལྟར་འབྱུང་བར་ལེགས་པར་བསྟུན་ཏེ། དེའི་དོན་མི་འགལ་བ་ཇི་ལྟ་བ་བཞིན་འགྱུར་མའི་སྟེང་དུ་མཚོན་དགོས་པ་བསྟན་ནོ” ཞེས་མ་ཡིག་གི་སྒྲོ་འདོགས་ཆོད་ཚུལ་དང་མ་ཡིག་གི་ནང་དོན་གལ་ཆེན་དུ་བཟུང་དགོས་པ་གསལ་སྟོན་གནང་ཡོད། འཛམ་གླིང་ཐོག་ཡོད་པའི་ཤེས་པར་བྱ་བའི་ཤེས་བྱ་རིག་པའི་གནས་གང་ཡིན་རུང་། རང་ངོས་ནས་རྒྱུ་རྐྱེན་རྣམ་འཇོག་གཞན་ལ་མ་བལྟོས་ཤིང་བཅོས་མེད་ཚུགས་ཐུབ་ཏུ་གྲུབ་པ་ཡེ་མེད་པས། རང་བཞིན་མ་གྲུབ་ཅིང་བལྟོས་བཅས་རྟེན་འབྲེལ་གྱི་ངང་ཚུལ་ལས་མ་འདས་པའི་ཕྱིར་ན། བཅོས་སུ་མེད་པ་མེད། དེ་ཡང་དངོས་པོའི་ཆོས་ཀྱི་གཤིས་ལུགས་ནི་རྒྱུ་རྐྱེན་ལ་བལྟོས་པས། རྒྱུ་རྐྱེན་གྲངས་ཚོགས་ཡིན་མིན་གྱི་འདུ་བྱེད་ལས་གྲུབ་ཅིང་། དེ་ལ་དེ་མཐུན་གྱི་འབྲས་བུ་ལྡོག་ཏུ་མེད་པར་འོངས། ལོ་ཙཱའི་མ་ཡིག་གི་གོ་བ་ལེན་ཚུལ་དང་བུ་ཡིག་གི་ཕབ་སྒྱུར་ཐད། དཀའ་ཁག་མང་དག་ཅིག་འཕྲད་སྲིད་པས། ངེས་པར་དུ་ཤེས་རབ་དང་རྣམ་དཔྱོད་རྩལ་གྱིས་ལེགས་པར་བརྟག་ཅིང་དྲིས་ཏེ། སྒྲོ་འདོགས་འཕྲལ་དང་འཕྲལ་ལ་གཅོད་པ་ལས། གོ་བ་ཐན་ཐུན་ཙམ་དང་ཟེར་སྒྲོས་ཀྱི་རྗེས་སུ་མི་འཇུག་པ་གལ་ཆེན་དུ་མངོན་ཡོད།

    བསྒྱུར་བྱའི་མ་ཡིག་གི་བརྗོད་བྱ་དོན་གྱི་གནད་དོན་གསལ་རྟོགས་བྱེད་པ་ནི་ལོ་ཙཱའི་བརྒྱུད་རིམ་ནང་ཐོག་མར་འཕྲད་པའི་དཀའ་གནད་ཡིན་ཞིང་། ཇི་བཞིན་ཕབ་སྒྱུར་བྱེད་པའི་སྔོན་འགྲོའི་ལས་རིམ་ཡིན། དེས་ན་མ་ཡིག་གཅེས་འཛིན་ཡོང་བར་ཕྱོགས་ལྔ་ཡོད་དེ། དང་པོ། བསྒྱུར་བྱའི་མ་ཡིག་གི་རིག་གནས་དང་འབྲེལ་བའི་རིག་པའི་གཞུང་ལུགས་ཁག་ལ་གསལ་རྟོགས་ཡོད་དགོས་པ། གཉིས་པ། མ་རྩོམ་གྱི་སྒྲིག་གཞི་མིང་ཚིག་བརྗོད་པ་དང་འབྲེལ་བརྡ་སྤྲོད་དང་རྩོམ་ལུས་ལ་གསལ་རྟོགས་དགོས་པ། གསུམ་པ། མ་ཡིག་གི་ལོ་རྒྱུས་དང་རིག་གནས་རྒྱབ་ལྗོངས་ལ་གསལ་རྟོགས་དགོས་པ། བཞི་པ། མ་ཡིག་གི་བརྗོད་བྱ་དོན་དང་རྗོད་བྱེད་ཚིག་གི་གཏན་ཚིགས་དང་གོ་རིམ། དོན་གྱི་འཇུག་ཡུལ་ལ་གསལ་རྟོགས་དགོས་པ། ལྔ་པ། བསྒྱུར་བྱའི་མ་ཡིག་གི་དགོས་པ་དང་རིན་ཐང་གསལ་རྟོགས་དགོས་པ་བཅས་ནི་ཡིག་སྒྱུར་ཁྲོད་ཀྱི་མ་ཡིག་གཅེས་པར་བཟུང་བའམ་མ་ཡིག་གལ་ཆེན་དུ་བཟུང་བ་ཞེས་པའི་དོན་ཡིན་ནོ། 

    གཉིས་པ། རིག་གནས་གོང་འཕེལ་གཏོང་བའི་ཆོད་སེམས་ལྡན་དགོས།

    ལོ་ཙཱ་ནི་རིག་གནས་མི་འདྲ་བ་ཕན་ཚུན་སྤེལ་རེས་བྱེད་པའི་བྱ་བ་ཞིག་ཡིན་ཞིང་། རིག་གནས་ལས་ལོགས་སུ་ལོ་ཙཱ་མེད་ལ་ལོ་ཙཱའི་བརྗོད་གཞི་རིག་གནས་ཡིན། ལོ་ཙཱ་བས་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་སླད་ལོ་ཙཱའི་ཐབས་ལམ་སྤྱོད་དགོས་ཤིང་། ལོ་ཙཱའི་ལམ་ནས་རིག་གནས་ཀྱི་རིན་ཐང་དང་དགེ་མཚན་དར་སྤེལ་གཏོང་དགོས། ལོ་ཙཱ་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱིས། “ལོ་རྒྱུས་འཕེལ་འགྱུར་བྱུང་རིམ་ལ་ཕྱིར་བལྟས་པ་ན། སྤྱི་ཚོགས་འཕོ་འགྱུར་གྱི་དུས་མཚམས་སོ་སོར་ལོ་ཙཱའི་བྱེད་ལས་ལ་བརྟེན་ནས་སྐབས་སོ་སོའི་སྔོན་ཐོན་གྱི་རིག་གནས་དང་ཕུལ་བྱུང་གི་ཉམས་མྱོང་ཕན་ཚུན་མཚམས་སྦྱོར་བྱས་པས་ཡུལ་ཁག་སོ་སོའི་ཤེས་རིག་དཔལ་ཡོན་དར་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེས་ཆེར་བྱུང་ཡོད། དུས་ད་ལྟའི་བར་དུ་ཡང་མི་རིགས་སོ་སོར་ལོ་ཙཱའི་ལས་དོན་ནི་མེད་དུ་མི་རུང་བའི་བྱ་གཞག་གལ་ཆེ་ཞིག་ཡིན་པ་སྟེ། སྤུན་ཟླའི་མི་རིགས་དབར་མཛའ་བཤེས་མཐུན་ལམ་ཟབ་ཏུ་སྦྲེལ་བ་དང་། སྔོན་ཐོན་གྱི་ཚན་རིག་ཤེས་བྱ་མཚམས་སྦྱོར་བྱེད་པ། མི་རིགས་ཁག་དང་ས་ཁུལ་ཁག་ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་ཏེ་ཐུན་མོང་ཡར་རྒྱས་འགྲོ་བ་བཅས་ལ་འགག་རྩའི་ནུས་པ་ཐོན་གྱི་ཡོད། རང་ལྗོངས་ལ་མཚོན་ན་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་མང་ཚོགས་མང་ཆེ་བས་རྒྱའི་སྐད་ཡིག་མི་ཤེས་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། སྔོན་ཐོན་རིག་གནས་དང་ཚན་རིག་ལག་རྩལ་ཁྱབ་སྤེལ་གཏོང་བར་ལོ་ཙཱར་བརྟེན་དགོས་ཀྱི་ཡོད ” ཅེས་ལོ་ཙཱའི་རིག་གནས་དང་ལོ་ཙཱའི་བྱ་བའི་འབྱུང་འཕེལ་ཁྲོད་མིའི་རིགས་ཀྱི་གནའ་དེང་རིག་གནས་དར་སྤེལ་གཏོང་བར་གལ་ཆེའི་ནུས་པ་ཐོན་ཡོད་པ་བསྟན་ཅིང་། རང་རེའི་སྔོན་གྱི་མེས་པོ་ཚོས་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང་སྟེ། དཀའ་བ་གྲངས་མེད་ཁྱད་གསོད་ཀྱིས་སྔ་རྗེས་སུ་ཤར་ཕྱོགས་ཐང་གི་རྒྱལ་ཁབ་དང་། ལྷོ་ཕྱོགས་རྒྱ་གར། ནུབ་ཕྱོགས་བལ་ཡུལ། བྱང་ཕྱོགས་ལི་ཡུལ་སོགས་ཉེ་འཁོར་ཁྱིམ་མཚེས་མི་རིགས་དང་རྒྱལ་ཁབ་ཁག་ནས་མཛའ་མཐུན་སྤེལ་རེས་དང་རིག་གནས་འབྲེལ་ཟམ་བཙུགས་ཏེ། འོད་སྟོང་འཕྲོ་བའི་རིག་གནས་མང་པོ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བཏང་ནས་མི་རྣམས་ལ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པོ་བསྐྲུན་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན” ཞེས་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ཁག་དར་སྤེལ་རྒྱུན་འཛིན་ཡག་པོ་ཐུབ་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་འོད་སྟོང་འཕྲོ་བའི་ཕ་གཞིས་དང་ནོར་བུ་ཞིག་ཀྱང་ཅི་ནས་ཡིན། དེས་ན་ལོ་ཙཱ་བ་ཚོས་ངེས་པར་དུ་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བའི་བསམ་བློའི་ཀུན་སློང་བཟང་པོ་བཅངས་ཏེ། ལོ་ཙཱའི་རིག་གནས་ལ་སློབ་གཉེར་དང་ལག་ལེན་ལེགས་པོ་གནང་དགོས། བོད་མི་རིགས་ཀྱང་འཇིག་རྟེན་སྤྱིའི་ཆོས་ཉིད་ལྟར་འཚོ་དགོས་ཕྱིན་ཤེས་བྱ་རིག་པའི་གནས་སྣ་ཚོགས་མཁོ་བ་རེད། ད་ལྟའི་མི་རབས་གསར་པ་ཚོས་ཀྱང་། མེས་པོ་རྣམས་ཀྱིས་ཤེས་རིག་ནང་འདྲེན་མཛད་པའི་སྙིང་སྟོབས་ལ་མིག་ལྟོས་བྱས་ཏེ་དབྱངས་གསལ་སོ་བཞིས་བསྡུས་པའི་ཡི་གེ་འདིའི་ནང་དུ། མི་རིགས་གཞན་གྱི་རིག་གནས་དང་། ཚན་རིག་ལག་རྩལ་སོགས་ཤེས་རིག་སྣ་ཚོགས་ཤིག་འདུ་བའི་ཐབས་སུ་བརྩོན་རྒྱུ་ཤིན་ཏུ་གལ་ཆེ་བ་རེད” ཅེས་གསུངས་པ་ལྟར་ལོ་ཙཱ་བ་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་ཕྱིའི་སྔོན་ཐོན་རིག་གནས་ནང་འདྲེན་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་སྤེལ་གང་ཐུབ་བྱས་ཏེ། དུས་རབས་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས།

    ལོ་ཙཱ་བ་ནི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་དགོས་མཁོ་དང་། བསམ་པའི་དཔལ་ཡོན་དང་། དངོས་པོའི་དཔལ་ཡོན་འབྲེལ་འདྲིས་དང་། བརྡ་ཁྱབ་དང་། དར་སྤེལ་གཏོང་བའི་བརྒྱུད་རིམ་ནང་ཐོན་ཞིང་། མིའི་རིགས་ཀྱི་ཤེས་དཔལ་སོགས་ཀྱི་འཕེལ་རྒྱས་ལ་ནུས་པ་ལྷག་པོ་ཆེ་ཐོན་ཡོད་ཅིང་། མིག་སྔའི་ཆར་ཡང་ལོ་ཙཱའི་རིགས་གནས་ཀྱི་དགོས་མཁོ་དང་། ལོ་ཙཱ་བའི་དགོས་མཁོ་ཇེ་ཆེར་འགྲོ་བ་ནི་སྤྱི་ཚོགས་དང་། མི་རིགས་དང་། རྒྱལ་ཁབ་དང་། འཛམ་གླིང་གི་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་། དམིགས་དབེན་ཡིན་ཅིང་། ལོ་ཙཱའི་རིག་གཞུང་གི་ཞིབ་འཇུག་དང་། དག་སྤེལ་བྱེད་མི་མང་དུ་ཡོད་ཅིང་། ལོ་ཙཱའི་དཔུང་ཁག་གི་སྒྲིག་གཞི་དང་། ཚད་གཞི་དམ་དུ་སོང་བས། དུས་རབས་ཀྱིས་ལོ་ཙཱ་བར་བཏོན་པའི་རེ་བ་དང་། འདུན་པ་ཡང་སྔར་བས་ཟབ་ཏུ་ཕྱིན་ཡོད་སྟབས། སྐབས་དོན་ལོ་ཙཱ་བའི་བྱང་ཚད་དང་འབྲེལ་ཞིང་། ལོ་ཙཱ་བའི་བསམ་བློ་ཀུན་སྤྱོད་དང་། མི་ཚེའི་རིན་ཐང་གི་ཁ་ཕྱོགས་ལྟ་བུར་འགྱུར་པའི་བསམ་བློའི་འདུ་ཤེས་དང་། ལོ་ཙཱའི་ལས་རིགས་དང་རིག་གནས་དེར་འཛིན་པའི་འགན་འཁྲི་དང་། གསོ་སྦྱོང་ཇི་ལྟར་དགོས་མིན་རང་བློས་ལྕོགས་ཚོད་ཀྱིས་མདོ་ཙམ་གླེང་བ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།