རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཤིག་གི་ཁྱིམ་ཞེན་རྒྱལ་ཞེན་གྱི་གཏམ་རྒྱུད།
ཟླ་9ཚེས་3ཉིན། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོག་བཞིན་ཡོད་ཅིང་། ལོ་96ལ་སླེབས་པའི་རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་ཧྲི་ཞུས་ཁྲང་ཞོགས་པ་སྔ་མོ་ནས་བརྙན་འཕྲིན་གྱི་མདུན་དུ་བསྡད་ཡོད་པ་དང་། བྲང་ཁར་བཏགས་པའི“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི”དྲན་གསོའི་རྟགས་མ་ནས་འོད་ཆེམ་ཆེམ་དུ་འཕྲོ། རྒྱལ་གླུ་བཏང་བ་དང་སྦྲགས། ཧྲི་ཞུས་ཁྲང་གི་བློ་ངོར་དམག་འཁྲུག་གི་དུས་སྐབས་སུ་སླར་ཡང་ལོག་པའི་སྣང་བ་འཆར།
ལོ་15ལ་སླེབས་པའི་ལོ་དེར། ཧྲི་ཞུས་ཁྲང་དམག་དཔུང་ཞིན་སི་ཅུན་ནང་ཞུགས་ནས་འཕྲོད་བསྟེན་དམག་མི་ཞིག་ཏུ་གྱུར། མདེལ་ཆར་གྱི་ཁྲོད་དུ་ཁོང་གིས་འགྱོགས་བྱམས་ཁུར་ནས་རྨས་མ་སྐྱོབ་པའི་ལས་ལ་གཞོལ་ཏེ་ཁྲག་གིས་འཚོས་པའི་མེ་རྫས་ཀྱི་དུ་ཞག་ཁྲོད་ཕར་རྒྱུག་ཚུར་རྒྱུག་བྱེད་མྱོང་ཡོད།
“ཞེད་སྣང་བྱེད་ལོང་མེད། གཡུལ་སར་བསྐྱོད་ན་འཆི་ངེས་པའི་ཆོད་སེམས་ཡོད་དགོས”གཡུལ་སར་ཧྲི་ཞུས་ཁྲང་གི་སེམས་སུ་རེ་བ་གཅིག་ཡོད་པ་སྟེ། འཐབ་གྲོགས་སྐྱོབ་གང་ཐུབ་བྱེད་རྒྱུ་དེ་རེད། སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། བགྲེས་སོང་ཁོང་གི་མིག་ཟུང་ནས་སྔར་བཞིན་ཛ་དྲག་གི་རྣམ་འགྱུར་མངོན་པ་སྟེ། སྐྱོབ་དགོས་པའི་འཐབ་གྲོགས་དེ་དག་མིག་མདུན་དུ་ཡོད་པ་ལྟར་དུ་སྣང་།
1945ལོའི་ཟླ་9ཚེས་2ཉིན། རི་པིན་གྱིས་མགོ་བཏགས་ཡི་གེར་མིང་རྟགས་བཀོད་པ་རེད། ཁོང་དང་འཐབ་གྲོགས་ཕན་ཚུན་འཐམས་ནས་དགའ་འབོད་བྱེད་པ་དེ་ཕྲུ་གུ་ཁྱུ་གཅིག་དགའ་སྤྲོས་ཁེངས་པ་ལྟར་སྨྲ་བསམ་བརྗོད་ལས་འདས།
རི་འགོག་དམག་འཁྲུག་མཇུག་འགྲིལ་ཡང་དམག་འཐབ་ད་དུང་མཇུག་རྫོགས་མེད། ཧྲི་ཞུས་ཁྲང་དམག་དཔུང་དང་མཉམ་དུ་བཅིངས་འགྲོལ་དམག་འཁྲུག་ནང་ཞུགས་པ་དང་། 1950ལོར་སླར་ཡང་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་དཔུང་འཇུག་བྱས་ཏེ“ལམ་བཟོ་བཞིན་བོད་དུ་བསྐྱོད་པའི”ལམ་འཕྲང་འགག་བཙན་དུ་ཞུགས་པ་རེད།
ཁྲི་ཤོག་53པའི་མདའ་ཤོག་157པའི་འཕྲོད་བསྟེན་རུ་དཔོན་ཁོང་གིས་ལམ་བཟོ་དཔུང་སྡེས་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་ལག་ཆ་ཆེས་ཐབས་ཆག་སྤྱད་ནས་རི་གཤགས་ལམ་བཟོའི་དཔང་པོ་དངོས་སུ་བྱས་པ་དང་། འཐབ་འཛིང་པ་ཚོས་སྦྱག་མ་དང་། རྫས་མེ། ཤ་ཁྲག་གི་ལུས་པོར་བརྟེན་ནས་ས་མཐོའི་ཡུལ་དུ་ཁྲོན་བོད་མཁའ་ལམ་བསྐྲུན་པ་མ་ཟད། རི་ཉིལ་ནས་འཐབ་གྲོགས་ཚོའི་གཅེས་སྲོག་ཤོར་བ་དང་། ད་དུང་གྲང་ངར་རབ་ཏུ་ཆེ་བའི་དབང་གིས་སར་འགྱེལ་ཡང་མཐའ་གཅིག་ཏུ་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད་པ་མིག་མཐོང་ལག་ཟིན་བྱུང་ཡོད།
1953ལོའི་དགུན་ཁར། དཔུང་སྡེ་ཆབ་མདོའི་མངའ་ཁོངས་ཀྱི་དཔའ་ཤོད་རྫོང་དུ་ངལ་གསོ་རྒྱག་སྐབས། བགྲེས་སོང་ཡེ་ཤེས་སྒྲོལ་མས་འཐབ་འཛིང་པ་རྣམས་རང་གི་ཕྲུ་གུ་ལྟར་བརྩིས་ཏེ་བྱམས་སྐྱོང་བྱས་པ་དང་། ཞོགས་པ་རེ་རེ་བཞིན་འཐབ་འཛིང་པ་རྣམས་ལ་ཆུ་ཚ་པོ་ཁྱེར་ཡོང་ནས་གདོང་འཁྲུ་རུ་བཅུག་པ་དང་། འཐབ་འཛིང་པ་རྣམས་ཀྱིས་ཁོང་གི་ཁང་པར་གད་རྒྱག་པ་དང་འཚོ་བའི་མཁོ་ཆས་སྤྲོད་ཀྱི་ཡོད། སྤྱིར་ཕན་ཚུན་གོ་བརྡ་མི་འཕྲོད་ཀྱང་ཕན་ཚུན་དབར་མཛའ་བརྩེ་ཟབ་པ་དང་མི་རིགས་ཀྱི་དབྱེ་བ་མེད་པའི་དྲོ་སྐྱིད་དེ་ཧྲི་ཞུས་ཁྲང་གི་སེམས་ནས་བརྗེད་ཐབས་བྲལ།
1958ལོར་བོད་དུ་སྐྱོད་མཁན་གྱི་བུ་ཕྲུག་གི་སློབ་གསོའི་གནད་དོན་ཐག་གཅོད་བྱ་ཆེད། བོད་ལྗོངས་ལས་དོན་ཨུ་ལྷན(ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁང)གྱི་སློབ་ཆུང་བཙུགས་པ་དང་ཧྲི་ཞུས་ཁྲང་གིས་ལོ་བཅུ་ཙམ་གྱི་རིང་སློབ་སྤྱིའི་འགན་ཁུར་ཡོད།
སློབ་གྲྭ་ནི་ཕྲུ་གུའི་ཁྱིམ་ཚང་ཡིན་པས་ཧྲི་ཞུས་ཁྲང་ནི་སློབ་སྤྱི་རེད་ལ“ཁྱིམ་བདག”ཀྱང་རེད། ཁོང་གིས་ཕྲུ་གུ་ཚང་མའི་འཚོ་བའི་གོམས་གཤིས་གསལ་པོ་ངེས་ཀྱི་ཡོད། “ལོ་གཅིག་གི་ཞག་མ་365ཡི་རིང་ངས་སློབ་མ་དང་མཉམ་དུ་འཚོ་བ་བསྐྱལ་ནས་ཉིན་མ་གཅིག་ཀྱང་ཁོང་ཚོ་དང་ཁ་བྲལ་མྱོང་མེད”ཅེས་བཤད།
ཁོང་གིས་གསོ་སྐྱོང་བྱས་པའི་སློབ་མ་ཚོ་བོད་ཀྱི་ཁག་དང་པོའི་དགེ་རྒན་དང་། སྨན་པ། ལས་བྱེད་པ་བཅས་ཡིན་པ་དང་། ཁོང་ཚོ་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། “ཕྲུ་གུ་ཚང་མ་འཚར་ལོངས་བྱུང་བ་དང་ང་ཡང་རྒས་འདུག”བགྲེས་སོང་གིས་གད་མོ་དགོད་ཀྱིན་ལག་ཐོགས་ཁ་པར་ནང་གི་ལོ་གཅིག་གོང་གི་ལྷན་འཛོམས་ཀྱི་མཉམ་པར་ལ་ལྟ་བཞིན་ལྷན་འཛོམས་བྱེད་ཐེངས་རེ་ནི་ཁྱིམ་ཚང་གི་འདུ་འཛོམས་ཤིག་དང་འདྲ་ཞེས་གསུངས།
བོད་དུ་ལས་ཀ་བྱེད་པའི་དུས་ཚོད་ཐུང་ཐུང་ཡིན་མོད། འོན་ཀྱང་གོ་སྐབས་བྱུང་མ་ཐག་བོད་དུ་བསྐྱོད་ནས་ཧྲི་ཞུས་ཁྲང་གང་སར་ལྟ་བར་བསྐྱོད་པ་དང་དེ་སྔའི་ལས་རོགས་རྙིང་པར་འཚམས་འདྲི་བྱེད་ཀྱི་ཡོད། “བོད་དུ་སླེབས་ན་ངས་ཡིན་ཅིག་ཇ་བསྲུབས་མ་འཐུང་བ་དང་རྩམ་པ་ཟ་བ་སོགས་བྱེད་ཀྱི་ཡོད། དེ་ནི་ང་ཕ་ཡུལ་དུ་ལོག་པའི་དྲན་འཆར་ཡིན”ཞེས་གསུངས།
མི་རིང་བའི་གོང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་འཚོགས་པ་དང་ཧྲི་ཞུས་ཁྲང་གིས་ཀྱང་བརྙན་འཕྲིན་གྱི་ཐད་གཏོང་ལ་བལྟས་ཡོད། དུས་རྒྱུན་བརྙན་འཕྲིན་ནས་བོད་ལྗོངས་སྐོར་གྱི་གནས་ཚུལ་མཐོང་བའམ་ཡང་ན་ཉེ་འཁོར་གྱི་མིས་བོད་ལྗོངས་ཀྱི་འགྱུར་ལྡོག་སྐོར་གླེང་བ་ཐོས་སྐབས་ཁོང་དགའ་སྤྲོ་དཔག་མེད་སྐྱེ་གི་ཡོད།
“ངས་རྟག་ཏུ་ནམ་ཞིག་མེ་འཁོར་དུ་བསྡད་དེ་ཁྲེང་ཏུའུ་ནས་ལྷ་སར་སྐྱོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། ཐ་ན་ཉིང་ཁྲི་བར་དུ་་སླེབས་ནའང་ང་རང་བློ་ཡིད་ཚིམ་ས་རེད”ཅེས་སྐད་ཆ་བཤད་མཚམས་མ་རྫོགས་གོང་བགྲེས་སོང་གིས་ལག་པས་མིག་ཆུ་ཕྱིས་ཀྱིན་དེ་ལྟར་གསུངས།
འབྲེལ་ཡོད་གསར་འགྱུར།