དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཇིག་རྟེན་གྱི་ཉིན་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མྱང་གྲགས་པ།   |     སྤེལ་དུས།  2025-09-14

    མེ་ཏོག་གིས་མགོ་ལྕོག་ལྡེམ་པའི་དུས་ཚིགས་ཤིག་ལ།

    ཉི་འོད་ཀྱིས་བྱིལ་བྱིལ་བྱེད་པའི་ཞོགས་པ་དེར།

    ཨེ་མ། བདག་གི་དགོད་འཛུམ་གྱི་ངོ་ལ་བསིལ་རླུང་ལྡང་ཞིང་།

    ཆུ་མིག་ལྟར་དྭངས་པའི་མིག་ཟུང་གྲུང་པོ་དེས།

    སློབ་གྲྭ་ཞེས་པའི་སྐར་ཆེན་ལྟ་བུའི་ཐ་སྙད་དེ་མཐོང་བྱུང་།

    རྟེན་འབྲེལ་གྱི་འགོ་མ་འདི་ནས་བསྒྲིགས་ཤིང་།

    རྨི་ལམ་གྱི་གཤོག་ཟུང་འདི་ནས་རྒྱས།

    འདི་ནི་ཅི་འདྲའི་དགའ་ཞིང་།

    ཅི་འདྲའི་སྤྲོ་བའི་བཀྲ་ཤིས་ཀྱི་ཉིན་མ་ཞིག་ཅི་ལ་མིན།

    དུས་འདི་ནས་བཟུང་།

    བཤེས་གཉེན་ཞེས་པའི་བྱམས་ལྡན་གྱི་མི་བུ་རྣམས་ཀྱི།

    ཉི་འོད་ལྟ་བུའི་གཉོར་སྐྱོང་དང་།

    བདུད་རྩི་ལྟ་བུའི་ཤེས་རིག་ལ་ལོངས་སུ་སྤྱོད་པའི་བསྐལ་བཟང་ཐོབ།

    དུས་འདི་ནས་བཟུང་།

    བདག་གི་མིག་ཟུང་ནས་ཤེས་རིག་གི་འོད་སྣང་འཚེར་ཞིང་།

    བདག་གི་ལུས་ཟུངས་ལ་ལང་ཚོའི་ཁོ་ལག་རྒྱས།

    རེད་ཨང་། ས་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར།

    ཁྱེད་ཉིད་ནི་བདག་ཅག་གི་ཉི་མ་དང་ཟླ་བ་ལྟར།

    འགྲོ་བའི་བློ་ཡི་མུན་པ་སེལ་ཐུབ་ཅིང་།

    ཁྱེད་ཉིད་ནི་ཐོ་རེངས་སྐར་ཆེན་བཞིན་དུ།

    མདུན་སྐྱོད་ཀྱི་ལམ་ཆེན་གསལ་ཐུབ།

    ནང་སེམས་ཀྱི་དྲན་ཤིང་ངོས་སུ།

    ལོ་ཟླའི་རླུང་འཚུབ་དང་དུས་ཀྱི་ཆར་ཆུས་ནམ་ཡང་འཇིག་ཐབས་མེད་པ་ནི།

    ཁྱེད་ཀྱི་བརྟན་ཞིང་བརླིང་བའི་གཟུགས་བརྙན་ཏེ།

    གཟུགས་བརྙན་འདི་ནི།

    བདག་གི་རྒྱབ་རི་ལྟ་བུའི་ཡབ་ཆེན་ཡིན་ལ།

    བདག་གི་ཆུ་གཞུང་ལྟ་བུའི་ཡུམ་ཆེན་ཡིན།

    ཡབ་ཡུམ་དང་ངོ་བོ་གཅིག་ཏུ་འདྲེས་པའི་ཁྱེད་ཉིད།

    གྲང་ངར་གྱི་སྡུག་བསྔལ་སྐྲོད་པའི་སློག་ཚར་ཡིན་ལ།

    སྐོམ་གདུང་གི་ངལ་དུབ་སེལ་བའི་བདུད་རྩི་ཡིན།

    ཨེ་མ། སྐར་ཕྲན་གྱིས་མིག་ཟུང་ཀེམ་ཀེམ་གཡོ་བའི་ཐོ་རེངས་སུ།

    ང་རང་རྨོངས་གཉིད་ལས་སློང་མཁན་དུང་བརྡ་ཁྱེད་ཉིད་ཡིན་ལ།

    སྨག་རུམ་གྱི་མཐའ་ནས་བསྐོར་བའི་མུན་ནག་ཏུ།

    ང་རང་སེམས་ཀྱིས་སྲུང་བའི་དཔའ་བོའང་ཁྱེད་ཉིད་ལགས།

    བཤད་སྟེགས་སུ་བསྒྲེངས་པའི་ཁྱེད་ཉིད་ནི།

    སྨྲ་ནུས་པའི་ཤེས་རིག་གི་བང་མཛོད་གསོན་པོ་ཞིག་ཡིན་ཏེ།

    རིག་གཞུང་གི་བདུད་རྩི་རེ་རེས།

    བདག་གི་བློ་རིག་གི་མུན་པ་སེལ་ཞིང་།

    སློབ་ཁྲིད་ལ་བྲེལ་བའི་ཁྱེད་ཉིད་ནི།

    དུང་ཞེན་གྱི་མ་ཡུམ་དངོས་ཡིན།

    སློབ་སྟོན་གྱི་ཚིག་འབྲུ་རེ་རེས།

    བདག་ཅག་གི་མི་ཚེའི་བླང་དོར་གསལ།

    ལས་དབང་གིས་སྲད་བུས་སྦྲེལ་བའི་སློབ་མ་དག

    ཉེ་ས་ནས་མིག་གིས་འཚོས་ཤིང་།

    རིང་ས་ནས་དྲན་པས་སྲུང་བཞིན་ཡོད་ཨང་།

    དུས་ཀྱི་འཁོར་ལོ་ཇི་ལྟར་འཁོར་རུང་།

    ནམ་ཟླ་ཡི་ཁ་དོག་ཇི་ལྟར་བརྗེས་རུང་།

    མི་སེམས་ཀྱི་འགྱུར་བག་ཇི་ལྟར་རྒོད་རུང་།

    རྒྱུ་ནོར་གྱི་ཤག་སྒྲ་ཇི་ལྟར་ཆེ་རུང་།

    དབང་ཤུགས་ཀྱི་ཐོབ་རྩོད་ཇི་ལྟར་ངར་རུང་།

    ཁྱེད་ཀྱིས་བརྩོན་འགྲུས་ཀྱི་རྟ་ཁ་ནམ་ཡང་གློད་མ་མྱོང་ལ།

    འདང་ཅན་གྱི་སློབ་མ་ནམ་ཡང་དོར་མ་མྱོང་།

    ཁྱེད་ཉིད་ལ་དབང་བ་བཤད་སྟེགས་ནར་མོ་དེ་ལས་མེད་མོད།

    དུང་ཞེན་གྱི་བརྩེ་བ་དང་།

    ཤེས་རབ་ཀྱི་འོད་སྣང་།

    སྙིང་སྟོབས་ཀྱི་མེ་ལྕེ།

    དགའ་སྤྲོ་ཡི་འཛུམ་མདངས།

    ནམ་ཡང་ཡལ་བ་མེད།

    དེ་འདྲའི་དབང་གིས།

    བདག་གིས་སྤོབས་པ་ཆེན་པོས།

    བདག་གིས་སྐད་གསང་མཐོན་པོས།

    ཁྱེད་ཀྱི་མཛད་རྗེས་དང་ཁྱེད་ཀྱི་བཀའ་དྲིན་དག

    ཡིད་ལ་ངེས་ཤིང་གླུ་རུ་ལེན་ངེས།

    བདག་གི་བཤེས་གཉེན་ལགས།

    སེར་མདོག་གི་འབྲས་བུ་སྨིན་པའི་དུས་ཚིགས་ཤིག་ལ།

    བཤེས་གཉེན་གྱི་འཛུམ་མདངས་བཞད་པའི་ཞོགས་པ་དེར།

    བདག་གིས་ཤེས་རིག་གི་སྒྲོན་མེ་སྤར་ཞིང་།

    བཤེས་གཉེན་གྱི་སློབ་སྟོན་ཡིད་ལ་བཅངས་ཏེ།

    མཛེས་སྡུག་གི་ཕུགས་བསམ་ཕྱོགས་སུ།

    གོམ་པའི་འདེགས་འཇོག་བསྒྱུར།

    ད་ལྟ་བཤེས་གཉེན་གྱི་གཉོར་སྐྱོང་འོག

    བདག་ཀྱང་ནམ་འཕང་གཅོད་པའི་བྱ་རྒྱལ་རྒོད་པོ་ཞིག་ཏུ་གྱུར།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།