དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་ལགས། ངས་ཁྱེད་ལ་འདི་ལྟར་བརྗོད་འདོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་ཚེ་རིང་།   |     སྤེལ་དུས།  2025-09-14

    ཇི་སྐད་དུ། གནའ་སྔ་མོ་སྔ་མོ་ཞིག་ལ། འཇིག་རྟེན་གྱི་ཁམས་ཆེན་པོ་འདི་མུན་ནག་གིས་ཡོངས་སུ་བསྒྲིབས་ཤིང་། མཐོང་ཆོས་སུ་གྱུར་པའི་བྱ་དངོས་ཡོངས་རྫོགས་མུན་པས་བསྒྲིབས། དཀར་དམར་སེར་གསུམ་གྱི་དབྱེ་བ་འབྱེད་ཐབས་བྲལ་ཞིང་། ཡུན་རིང་མུན་པའི་ཀློང་དུ་ཚུད། ག་ལེར་ཉི་ཟླ་སྐར་གསུམ་གྱི་འོད་སྣང་སའི་གོ་ལར་འཕྲོས་པས། ད་གཟོད་འཇིག་རྟེན་ཁམས་ཀྱི་མཚར་སྡུག་མིའི་རིགས་ཀྱི་མཐོང་ཆོས་སུ་གྱུར། འོན་ཀྱང་། བལྟས་ན་མིག་ལ་མཛེས་ཤིང་། རེག་ན་ལག་པ་འཇམ་པ། ཐོས་ན་རྣ་བར་ཉན་སྤྲོ་ཞིང་། ཟས་ན་རོ་བཅུད་འཛོམས་པའི་བྱ་དངོས་དག་བདག་ཏུ་བཟུང་འདོད་ཀྱི་འདོད་པས་ཀུན་ནས་གཡོས་པས། མིའི་རིགས་ཀྱིས་ཁྲག་གི་སྦྱོར་བ་ཇི་སྙེད་ཅིག་བཤམས། དེ་ཙམ་དུ། འགྲོ་བ་དག་གི་བསམ་སྦྱོར་ངན་པ་དག་ལ་བློ་ཡི་ཞེན་པས་མ་བཟོད་པར། དགེ་བའི་བཤེས་གཉེན་ཀྱི་ཚོགས་འོད་ཀྱི་ཚུལ་དུ་བྱོན་ཞིང་། བཀའ་སློབ་ཀྱི་གྲུ་ཆར་ཇི་སྙེད་ཅིག་གཏོར་བར་གཞོལ་བས། ད་གཟོད་མི་གདོང་སྤྲེའུ་ལས་བྱེད་མཁན་དག་གི་བློ་ཡི་མུན་པ་སེལ་སྐད། དུས་དེ་ནས་བཟུང་། མིའི་རིགས་ཀྱིས་ཁྱེད་ནི་ཉི་ཟླའི་གཟུགས་སུ་བྱེད་ལ། སྐབས་ལ་ལར་སྒྲོན་མེའི་ཚུལ་དུའང་འཇོག

    རེད་ལགས། ཁྱེད་ཀྱིས་བཅོམ་པ་ནི་མིའི་ནང་སེམས་ཀྱི་མ་རིག་པ་ཡིན་པས། ཁྱོད་ལ་ཉི་ཟླའི་མཚན་ཐོབ་འོས། བདག་གིས་ཀྱང་ཆུང་ཆུང་ཀ་ཁའི་སྦྱོར་བ་ཤེས་ཙམ་ནས་ཁྱེད་ཉིད་ཉི་ཟླ་དང་མཉམ་པ་རྣ་ཐོས་སུ་གྱུར་མྱོང་། རང་ལུས་བསྲེགས་ནས་གཞན་ལ་འོད་སྣང་སྦྱིན་ནུས་པ་འཇིག་རྟེན་ཁམས་ན་ཇི་ཙམ་ཡོད་ཨང་། དེའི་ཕྱིར་དགེ་རྒན་གྱི་ལས་གནས་ནི་ཆེས་འོད་དུ་འཚེར་བའི་ལས་རིགས་ཤིག་ཏུ་གྱུར་ཡོད། འདས་སོང་གི་ནང་དུ་སློབ་བུ་མང་པོས་རང་གི་བཤེས་གཉེན་ལ་བསྟོད་པའི་མགུར་མ་དབྱངས་སུ་གྱེར་བའང་གྲངས་ལས་འདས། ཁོ་ཚོས་ཁྱེད་ནི་ཉིན་བྱེད་དབང་པོ་ལྟ་བུ་ཡིན་པས། མིའི་རིགས་ལ་འོད་སྣང་ཙམ་མ་ཟད། དྲོད་སྣང་ཡང་སྦྱིན་ཟེར། ལ་ལས་ཁྱེད་ནི་རྒྱུ་སྐར་རྒྱལ་པོ་ཡིན་པས། ཁྱེད་ཀྱི་དྲོད་ཚད་དང་འོད་སྣང་ལ་བྱམས་དང་སྙིང་རྗེས་ཕྱུག་འདུག་ཟེར།

    དེ་རིང་ཁོ་བོས་འདི་ལྟར་བརྗོད་འདོད་དེ། བཤེས་གཉེན་ལགས། ཁྱེད་ནི་གྲུ་གཟིངས་ཤིག་རེད། ཁྱེད་ཀྱིས་བདག་སོགས་སླད་དུ་དཀའ་ངལ་ཇི་སྙེད་ཅིག་ཕྲག་ཏུ་ཁུར་མྱོང་ལ། མི་ཁ་དང་ངན་ལབ་ཀྱི་མཚོ་རླབས་དུ་མའི་མདུན་དུ། ཁྱེད་ཉིད་ཀྱིས་སྔར་བཞིན་མཉན་དཔོན་བཟང་པོ་ཞིག་གི་བརྟུལ་ཞུགས་བཟུང་ནས། བདག་སོགས་ཅི་ཡང་མི་ཤེས་པའི་རྨོངས་པ་མང་པོ་འོད་ཀྱིས་བརྒྱན་པའི་འཇིག་རྟེན་འདི་འདྲ་ཞིག་ཏུ་བསྐྱལ་གནང་མཛད། དེར་བསམས་ན། ཁྱེད་ཉིད་ནི་ཉི་ཟླ་ཙམ་དུ་མ་ཟད། ད་དུང་གྲུ་གཟིངས་ཆེན་པོ་ཞིག་རེད་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།