དགེ་རྒན། སྐྱེས་བུ་རླབས་ཆེན་ཞིག
ཉིན་ལྟར་སེམས་ཁམས་ལ་བྱི་དོར་ལེགས་པར་བྱས་ཏེ། ཁྲིད་སྟེགས་གྲུ་བཞིའི་ཐོག་ཏུ་ཉིན་རེའི་འཆར་གཞི་ལྟར། གང་ལ་གང་མཁོའི་སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་ལྷུར་དུ་ལེན་མཁན་གྱི་སྐྱེས་བུ་ཞིག
གྱང་ལྡེབས་ཀྱི་ནག་པང་ནར་མོའི་ངོས་སུ། ཡི་གར་འོང་བའི་ཡིག་རིས་མང་དུ་བྲིས་ནས། བློ་གསར་ཤེས་འདོད་འཆང་བའི་སློབ་བུའི་ཚོགས་ལ་ཤེས་བྱའི་མཛེས་ལྗོངས་སྟོན་མཁན་གྱི་སྐྱེས་བུ་ཞིག
ནག་པང་ནག་པོ་མ་རིག་མུན་པར་བརྩིས་ཤིང་། ས་སྨྱུག་དཀར་པོ་མུན་སེལ་འོད་དཀར་དུ་བྱས་ཏེ། ཉིན་ནས་ཟླ་དང་། ཟླ་ནས་ལོ་བཞིན་འབད་པའི་གོམ་སྟབས་མ་ལྷོད་པར་མ་རིག་མུན་པ་སེལ་མཁན་གྱི་སྐྱེས་བུ་ཞིག
གངས་རི་ལས་དཀར་བའི་ལྷག་བསམ་ཡོད་ཚད་དུས་ཚོད་ལ་བསྟིམས་ཤིང་། ཆུ་མོ་ལས་རིང་བའི་ངང་རྒྱུད་ཡོད་ཚད་ཕངས་མེད་དུ་བཏོན་ནས། རང་ཕྲུག་མིན་ཡང་རང་ཕྲུག་ལས་སྙིང་ཉེ་བའི་སློབ་བུའི་ཚོགས་བྱམས་ཀྱིས་སྐྱོང་མཁན་གྱི་སྐྱེས་བུ་ཞིག
ཡིག་འབྲུ་རེ་རེའི་འབྲི་སྟངས་དང་ཚིག་འབྲུ་རེ་རེའི་ཀློག་ཚུལ་ནས་འགོ་བཙུགས་ཏེ། དཀའ་བ་རྩྭ་ལྟར་ཟ་ལ་སྡུག་བསྔལ་ཆུ་ལྟར་འཐུང་བཞིན། སློབ་མའི་ཡིད་ཀྱི་རྩྭ་ཐང་ཡངས་མོར་ཤེས་རིག་གི་མེ་ཏོག་འདེབས་པར་བྲེལ་བའི་སྐྱེས་བུ་ཞིག
ཤེས་རིག་གི་བང་མཛོད་སྔས་ལ་བརྒྱབ་ཅིང་། བརྩོན་འགྲུས་ཀྱི་རྟག་ཕོ་ལྕག་གིས་ཡང་ཡང་བྲབས་ཏེ། སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་མཁན་གྱི་སྐྱེས་བུ་ཞིག
མི་སེམས་ཀྱི་ཞིང་ས་གཤིན་པོར་ཤེས་རིག་གི་ས་བོན་སྣ་ཚོགས་འདེབས་པ་དང་། བརྩེ་བ་དང་རྣམ་དཔྱོད་ལ་བརྟེན་ནས་གཞན་གྱི་ཞིང་སར་ལོ་ལེགས་ཀྱི་འབྲས་བཟང་སྨིན་པར་ས་ལུད་དྲོད་གསུམ་གནང་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག
འབྲེལ་ཡོད་གསར་འགྱུར།