དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཡིད་ཀྱི་མཛངས་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་བཀྲ་ཤིས།   |     སྤེལ་དུས།  2025-09-14

    བློ་ཡིས་བསླངས་པའི་སྤང་ལྗོངས་ཤིག་ཏུ། །

    མཛའ་གཞས་སྙན་མོའི་གཏམ་རྒྱུད་དཔར་ན། །

    རང་སེམས་སོང་བའི་མཛངས་མ་ཞིག་གིས། །

    འཚོ་བ་གསར་པའི་གུར་ཁང་ཨེ་ཕུབ། །


    ཡིད་ཀྱིས་བསྐྲུན་པའི་ཁང་བཟང་ཞིག་ཏུ། །

    རེ་བའི་མིག་གིས་ཁྱེད་རང་འཚོས་ཡོད། །

    ཡིད་སེམས་སོང་བའི་མཛངས་མ་ཞིག་གིས། །

    ཁེར་རྐྱང་བུ་ལོར་སེམས་གསོ་ཨེ་གནང་། །


    དུངས་སེམས་རི་མོ་སྙིང་ཁར་བྲིས་ཤིང་། །

    བརྩེ་སེམས་དཀར་པོ་དུང་ལ་བསྲེས་ཡོད། །

    ཡིད་སེམས་སོང་བའི་མཛངས་མ་ཞིག་གིས། །

    སྦྲང་ཆར་ཟིལ་མའི་དངོས་གྲུབ་ཨེ་གནང་། །


    ཡིད་སེམས་སོང་བའི་མཛངས་མ་ཞིག་ལ། །

    སེམས་ཀྱི་འཕྲིན་པ་བསྟུད་མར་སྤྲིངས་ཡོད། །

    ཡིད་ཀྱི་ཞིང་ས་མ་གས་གོང་ལ། །

    སྙིང་གཏམ་དྲོན་མོའི་ཆར་རྒྱུན་ཕབ་རོགས། །


    ཡིད་སེམས་སོང་བའི་མཛངས་མ་ཞིག་ལ། །

    སེམས་ཀྱི་ཕྱི་ནང་མ་ལུས་བསྟན་ཡོད། །

    བུ་མོ་ཁྲེལ་གཞུང་བག་ཡོད་ཅན་གྱིས། །

    ནང་སེམས་གསོ་བའི་བདུད་རྩི་གནང་རོགས། །


    སྐྱིད་སྡུག་འདྲེས་མའི་འཇིག་རྟེན་ཡུལ་འདིར། །

    ཡིད་ངོར་འཆར་བ་ཁྱེད་ཞལ་དཀྱིལ་འཁོར།

    ཡིད་སེམས་སོང་བའི་མཛངས་མ་ཁྱེད་ཀྱིས། །

    བརྩེ་བ་དྲོན་མོ་རླུང་ལ་མ་སྐུར། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།