དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མེ་འཁོར་ནང་གི་རེག་ཟིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2025-09-14

    ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་། ང་རང་དོན་དག་ག་གེ་མོ་ཞིག་གི་ཆེད་དུ་མེ་འཁོར་ལ་བསྡད་དེ་གཞིས་ཀ་རྩེ་ནས་ལྷ་སར་འགྲོ་བའི་ལམ་དུ་ཞུགས།

    ནམ་རྒྱུན་ང་རང་མེ་འཁོར་ལ་བསྡད་ནས་གཞིས་ཀ་རྩེ་ནས་ལྷ་སར་ཕར་འགྲོ་ཚུར་འོང་བྱེད་སྐབས། ལམ་བར་དུ་བཀླག་བྱའི་དཔེ་དེབ་རེ་ཁྱེར་བ་ནི་ངའི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར། འཁོར་ལམ་ཆུ་ཚོད་གཉིས་ལྷག་གི་དུས་ཚོད་དེ་དཔེ་ཀློག་གི་ཁྲོད་དུ་བསྐྱལ་ཚེ། དེས་ལམ་གྱི་ངལ་དུབ་སེལ་ཐུབ་ལ་དུས་ཚོད་ཀྱང་ངོ་མ་འགྲོ་མགྱོགས་པོ་ཡོད་སྣང་ཤར།

    དེ་རིང་ནི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་ཉིན་ཐ་མ་དེ་ཡིན་པས། ནམ་རྒྱུན་དང་མི་འདྲ་བ་ཞིག་ལ། ང་རང་སྡོད་སའི་འཁོར་སྒྲོམ་གྱི་འགྲུལ་པ་ཕལ་ཆེ་བ་ནི་གཞིས་ཀ་རྩེ་ནས་ལྷ་སར་བསླབ་པ་སློབ་གཉེར་བྱེད་པར་སྐྱོད་མཁན་གྱི་མཐོ་འབྲིང་སློབ་མ་རེད་འདུག

    ཁོ་ཚོ་རང་རང་གི་སྡོད་གནས་སུ་འཁོད་མ་ཐག གཉིས་རེ་གསུམ་རེ་བྱས་ཏེ་བྲོ་མེད་རོ་མེད་ཀྱི་གླེང་མོལ་ཁྲོད་དུས་འདའ་བའམ། ཡང་ན། ཁ་ཚ་ཞིང་ལྕེ་སྦྲིད་པའི་ཞོར་ཟས་སྣ་ཚོགས་ལ་རོལ་བ། ཡང་ན། ཁྱུག་དབྱིངས་དང་སྐད་འཕྲིན་གྱི་དབྱིངས་སུ་ཚུད་ནས་འདུག ཡང་ལ་ལ་ཞིག་གཏི་མུག་གཉིད་ཀྱི་ཞིང་ཁམས་ཉུལ་ནས་དུས་འདའ་བཞིན་མཆིས་པས། དཔེ་ཀློག་གི་བགྱི་བ་རྩོམ་མཁན་ཧ་ལམ་ཉིན་གྱི་སྐར་མའམ། རི་བོང་རྭ་ཡི་དཔེ་ཟླར་གྱུར།

    ངེད་ཅག་གི་མེས་པོ་གོང་མ་རྣམས་ལ་ཟས་བརྗེད་གཉིད་བཅག་ངང་དཔེ་ཀློག་གནང་བའི་སྲོལ་བཟང་ཡོད་ཅིང་། དེ་དག་ཁོང་ཅག་གི་རྣམ་ཐར་ལ་མཇལ་ན་ཤེས་ཐུབ། ངས་སྐད་འཕྲིན་གྱི་གྲོགས་ཚོམས་སུ་བསྐུར་བའི་འདྲ་པར་ཞིག་ལས། བཀའ་གདམས་པའི་བཤེས་གཉེན་ཆེན་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཁམས་ཀྱི་བླ་མ་བསེ་བཙུན་གྱི་དྲུང་དུ་སློབ་གཉེར་གནང་སྐབས། སྐུ་རྒྱབ་ཏུ་ཞོ་བླུགས་པའི་རྐྱལ་པ་ཆེན་པོ་ཞིག་བསྣམས་པ་དང་། ཞབས་ཀྱིས་ཀོ་བ་མཉེད་པ། ཕྱག་གིས་རང་འཐག་བསྐོར་བ། སྤྱན་གྱིས་དཔེ་ཆར་གཟིགས་ཏེ། དུས་གཅིག་ཏུ་ཕྱག་ལས་མང་པོ་གནང་བཞིན་པ་མཐོང་ཞིང་། དཔེ་ཀློག་གི་བགྱི་བ་མ་ལྷོད་པར་དུས་ཚོད་ལ་རིན་ཆེན་སྲོག་ལྟར་དམ་འཛིན་གྱིས་བསླབ་པ་སློབ་གཉེར་གནང་བའི་པར་དེ་མིག་ལམ་དུ་འཆར་དུས། དེས་རང་ཉིད་ལའང་སྐུལ་ལྕག་ཆེན་པོ་ཐེབས་འོང་།

    སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བཞིན་པའི་དེང་གི་དུས་སུ། མ་འོངས་པའི་བདག་པོར་གྱུར་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་མི་ཉུང་བས་མེས་པོ་གོང་མ་རྣམས་ཀྱི་བསླབ་པ་སློབ་གཉེར་བྱེད་པའི་སྲོལ་རྒྱུན་བཟང་པོར་སློབ་སྦྱོང་ཞུ་རྒྱུ་ལྟ་ཅི། དཀའ་བ་སྤྱད་མི་འདོད་པར་སོས་དལ་བག་ཕེབས་ཀྱི་ཀློང་དུ་དུས་འདའ་བ་དང་། སློབ་གཉེར་སྐབས་སུ་འཕྲད་པའི་དཀའ་ངལ་དག་སེལ་བའི་སྙིང་སྟོབས་ཞན་པས། མགོ་རུལ་སྣ་ཡིས་མ་ཚོར་བར་གཞོན་ནུའི་ལང་ཚོ་སྟོང་ཟད་དུ་བཏང་དང་གཏོང་བཞིན་ཡོད་པ་ནི་ཅི་འདྲའི་ཕངས་ཨང་།

    ཇི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ལེགས་དང་ཉེས་པར་བྱེད་པ་ལ། །བདག་ཉིད་བདག་གི་དཔང་པོའང་ཡིན། །ཞེས་པ་ལྟར། ང་ཚོ་ན་ཆུང་སློབ་མ་ཚོས་བདག་ཉིད་བདག་གི་མགོན་དུ་བསམས་ཏེ། ཤེས་རབ་དང་བརྩོན་འགྲུས་ཟུང་དུ་འབྲེལ་ནས་བསླབ་པ་སློབ་གཉེར་གྱི་བགྱི་བར་འབད་ན། ད་གཟོད་ཕ་བཟང་གི་བུ་དང་མ་བཟང་གི་བུ་མོར་གྱུར་ངེས་ཡིན་ལ། ཁྱོད་ཅག་ནི་བྱ་ཡི་ནང་གི་ཁྱུང་ཆེན་དང་། མི་ཡི་ནང་གི་མཆོག་ཏུ་གྱུར་པ་ཞིག་ཏུ་གྱུར་པར་གདོན་མི་ཟ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།